ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
མར་ལམ་དབེན་དགོན་དུ་རྗེ་བླ་མའི་དྲུང་དུའང་གནང་བ་དང་བར་ཆད་མི་འབྱུང་བའི་ཐུགས་དམ་སྐྱབས་འཇུག་དང་ཕྱིས་ཞབས་དྲུང་དུ་ཡོངས་ཆོག་པའི་བཀའ་ཡང་དག་པར་ཞུས་ཏེ་ཞབས་སེན་དབང་པོའི་ཕྱོགས་སུ་བཀོད་ནས་དབུས་ཕྱོགས་སུ་ཕེབས། ཡར་ལམ་སེ་འབྲས་ལྷ་ས་དང་བཅས་པ་ལེགས་པར་མཇལ་ཏེ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། དེར་རྒྱུད་སྨད་ཀྱི་སློབ་དཔོན་རྡོ་རྗེ་འཆང་ནམ་མཁའ་གྲགས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ་གུས་པ་དང་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་བསྟེན་པས་རྒྱུད་ཀྱི་རྒྱལ་པོའི་ཚིག་དོན་གྱི་དེ་ཁོ་ན་ཉིད་རིང་པོར་མ་ལོན་པར་མངོན་དུ་གྱུར་ཏེ། དེར་རྒྱུད་ཀྱི་གྲྭ་ལ་ཞུགས་ནས་ལོ་གཅིག་ཅུང་མ་ལོན་ཙམ་ལ། ཆུ་ཧ་ཅང་བསིལ་བའི་རེག་པས་ཉེན་ཏེ་ཞབས་ནད་ཀྱིས་མི་བདེ་བའི་རྣམ་པ་བྱུང་བས་རེ་ཞིག་སྨན་དཔྱད་བསྟེན་པ་སོགས་གཙོ་བོར་མཛད་པས། རིང་པོ་མ་ལོན་པར་ཟླ་བ་གཟའ་ལས་གྲོལ་བ་ལྟར་སྐུ་ཁམས་ཀྱང་ལེགས་པར་དྭངས། དེ་ནས་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་བདེ་གསང་འཇིགས་གསུམ་གྱི་སྒྲུབ་ཐབས་དཀྱིལ་ཆོག་སྦྱིན་སྲེག་དང་བཅས་པའི་ཕྱག་ལེན་གར་ཐིག་དབྱངས་གསུམ་དང་བཅས་པ་ཚང་མ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད་ནས་སླར་གཙང་ཕྱོགས་ལ་ཕྱག་བཏེག ཐོས་བསམ་གླིང་དུ་ཆོས་ཀྱི་རྗེ་དགེ་འདུན་བློ་བཟང་པའི་དྲུང་དུ་ཕེབས་ཏེ་ཕྱག་མཛད་པས། འོ་དྲུང་རབ་འབྱམས་པ་འཁོར་བ་ཅིས་ཀྱང་ལེགས། ཁོ་བོས་དཔལ་ལྡན་ལྷ་མོ་ལ་ངའི་རབ་འབྱམས་པ་ཁུག་ཤོག་ཅིག་ཅེས་བཀའ་བསྒོས་པས་དྲུང་པ་དབུས་ཕྱོགས་སུ་བཞུགས་པ་ལ་གནོད་པར་མཆིས་གསུང༌། ཚུལ་འདི་ནི་དམ་པ་འདི་ཉིད་ལྷ་སར་ཞབས་བསྙུན་པའི་སྐབས་སུ་ད་ནད་འདི་ལས་གྲོལ་ན་གཙང་ལ་འགྲོ་སྙམ་དུ་དགོངས་པའི་ནུབ་ཅིག་མནལ་ལམ་དུའང་བུ་མོ་གཞོན་ནུ་མ་ཞིག་ད་དོན་གྲུབ་པས་གཙང་ལ་ལོག་འགྲོ་ཟེར་བ་ཅིག་བྱུང་གསུང་བ་དང་མཐུན་པར་སྣང་ངོ༌། །དེ་ནས་དབེན་དགོན་དུ་ཕྱག་ཕེབས་ཏེ་རྗེ་གྲུབ་པའི་དབང་ཕྱུག་དབེན་ས་པ་ཆེན་པོ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལེགས་པར་བསྟེན་ཅིང༌། རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ་དཔལ་ཨ་ཏི་ཤ་དང༌།རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ། བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་སྙན་རྒྱུད་ཀྱི་མན་ངག་ཞལ་ཤེས་གེགས་སེལ་བོགས་འདོན་དང་བཅས་པ་ལེགས་པར་གསན་ཏེ་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་ཞབས་དྲུང་དུ་འཚོ་ཆས་ཀྱི་རྩོལ་སྒྲུབ་ཙམ་ཡང་མ་མཛད་པར་ཚེ་འདིའི་འཁྲི་བ་གང་ཡང་མེད་པར་དཀའ་ཐུབ་ལ་གནས་ཏེ་ཡུན་རིང་དུ་སྒོམ་པར་མཛད་པས་ཕ་ལ་བུ་སྐྱེས་པ་ལྟར་ཐུགས་ཤིན་ཏུ་མཉེས་པར་གྱུར། དེའི་ཚེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ལོ་གསུམ་གྱི་རིང་སྐྱེས་བུ་ཆུང་ངུ་གཙོ་བོར་བྱས་ཏེ་བསྒོམས་པས་རྩོལ་མེད་ཀྱི་མྱོང་བ་ཐོན་ཏེ། དེ་ཡན་གྱི་ལམ་གྱི་རིམ་པ་རྣམས་མྱུར་དུ་ཐུགས་རྒྱུད་ལ་འཁྲུངས་པ་ཞིག་བྱུང་ཞེས་དབེན་ས་སྙན་རྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ལས་འབྱུང་ངོ༌། །དེ་ནས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་པ་ན་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བའི་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པར་བཞེད་ནས་རྒྱལ་བ་དབེན་ས་པ་ཆེན་པོ་ལ་ཞུས་པས་དབེན་ས་པ་ཆེན་པོས་ཇི་ལྟར་ལུང་བསྟན་པ་ལྟར་ཤངས་མདོ་རི་བོ་དགེ་འཕེལ་དུ་གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བས་མཁན་པོ་དང༌།བདེ་ཡངས་སློབ་དཔོན་ཆོས་རྗེ་དགེ་ལེགས་པས་ལས་སློབ་དང༌། ནོར་གདེངས་པ་ཆོས་རྗེ་ཤཱཀྱ་དཔལ་བཟང་པོ་བས་གསང་སྟོན་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལྷའི་ཆུ་བོས་ཡིད་ཀྱི་རྫིང་བུ་ཡོངས་སུ་གང་བས་སྐྱེ་དགུ་ལག་ལྡན་མཐའ་དག་གི་ཕན་བདེའི་གཞི་དང་ཡོན་གནས་བླ་ན་མེད་པར་གྱུར་ཏོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་བའི་དྲུང་དུ་སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ། བཀའ་གདམས་ལྷ་བཞིའི་རྗེས་གནང༌། ཚེ་དཔག་མེད་ལྷ་དགུ་དང༌། ཀུན་རིག་གི་དབང་སོགས་དམ་པའི་ཆོས་མང་དུ་གསན་ཏེ་སླར་དབེན་དགོན་དུ་ཕེབས་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་ཅིང༌། ཁྱད་པར་དབེན་ས་པ་ཆེན་པོ་ལ་བསྙེན་རྒྱབ་ཀྱི་ཐུགས་དམ་སྐྱབས་འོག་ཞུས་ནས་དབེན་སའི་དགོན་པ་གཞོལ་གྱི་གཙང་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་བསྒྲུབ་མཛད་པས་རེ་ཞིག་ཅིག་ན་ཐུགས་དམ་གྱི་རིམ་པ་རྣམས་ཀྱང་གྲུབ་སྟེ་ནམ་གྱི་གུང་ལ་རེག་ནས་གཟིམས་པ་ན། སྐུ་གྲང་བའི་ཉམས་ཤིན་ཏུ་ཆེ་བ་ཞིག་བྱུང་བ་ན་རྒྱལ་བ་བློ་བཟང་དོན་གྲུབ་ཉིད་བླ་བྲང་གི་འདེགས་སྒོ་ན་བཞུགས་པའི་སྐུ་བེམ་གྱི་སྣེ་མོས་རང་མངོན་པར་བཀབ་པའི་ཉམས་ཤིན་ཏུ་གསལ་བ་ཞིག་བྱུང་བས་བདེ་དྲོད་ཚད་མེད་པ་རང་འབར་བྱུང་ངོ༌། །ཡང་དེའི་དུས་སྡིག་པ་རྭ་ཅན་ལག་པ་ཙམ་ཞིག་འཇིགས་འཇིགས་ལྟར་བདག་ཉིད་ཀྱི་མདུན་དུ་བྱུང་བ་ལ་བག་ཚ་བ་མེད་པར་བཏང་སྙོམས་སུ་བཞག་པ་ན་ར་གཉིས་མགལ་མེ་ལྟར་འཁོར་ཞིང་འདུག་པས་དགོད་ཅིག་ཤོར། དེ་ཁར་རང་ཡལ་དུ་སོང་གསུང༌། ཡང་དེའི་དུས་སུ་སྣང་བ་ཐམས་ཅད་བདུད་དུ་ཤར་ནས་ཉམས་ཤིན་ཏུ་མི་དགའ་བ་ཅིག་བྱུང་བ་ལ་དགོང་གཅིག་བླ་བྲང་གི་བ་ཞིག་ཡོད་པ་དེས་འདུ་ཁང་གི་སྒོ་ཕྱེ་ནས་གཙང་ཁང་དུ་བྱུང་སྟེ་རང་ཉིད་ཀྱི་སྙིང་གར་ཁ་བཙུགས་ཏེ་སྙིང་དམར་ཙར་གྱིས་ཁྱེར་སོང༌། དེ་མ་ཁད་ཡིད་མི་བདེ་བ་དེ་ལྷག་མ་མེད་པར་སངས་སོང་གསུང༌། མདོར་ན་དེའི་དུས་དངོས་སུ་རྣལ་འབྱོར་པའི་རྣམ་པ་ཅན་དང༌། བྱ་རི་དྭགས་ལ་སོགས་གཟུགས་ཅན་སྣ་ཚོགས་པ་ཞིག་སྐུ་དྲུང་དུ་འོང་ཞིང་འཁོད་པ་ལ་བདག་ཉིད་ལྷའི་ང་རྒྱལ་དང༌། ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ངང་ནས་གསང་སྔགས་ཀྱི་བཟླས་བརྗོད་ལས་སྐད་ཅིག་ཀྱང་གཡེལ་བ་མི་མངའ་བས་སྣང་བ་དེ་དག་ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞི་བ་ལྟར་འགྲོ་བ་ཞིག་བྱུང༌། སྣང་ཚུལ་དེ་དག་རྒྱལ་བ་དབེན་ས་པ་ཆེན་པོ་ལ་ཞུས་པ་ན་སྣང་བ་དེ་དག་ལ་འཇིགས་པ་དང་ཡ་ང་བ་ཡོང་མི་དགོས། དེ་ལས་འཇིགས་པ་སྟག་དང་རོ་ལངས་ལ་སོགས་པ་ཡང་ཡོང༌། དེ་འདྲ་བྱུང་ན་ཅི་འདྲ་མཆིས་གསུང༌། མདོར་ན་དེའི་དུས་ངོ་མཚར་བའི་གཟིགས་སྣང་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་སྣང་བ་རྨད་དུ་བྱུང་བ་བརྙེས་སོ། །དེ་ལྟར་འཇིགས་བྱེད་ཀྱི་བསྙེན་པ་ཐོན་ནས་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་ཞབས་དྲུང་དུ་མགོན་པོའི་བཀའ་ཆེན་བཅུ་གསུམ་གྱི་རྗེས་གནང་དང༌། བེའུ་བུམ་གྱི་ལུང་ལ་སོགས་པ་མགོན་པོའི་ཆོས་སྐོར་ཡོངས་སུ་རྫོགས་པ་དང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར་རྗེས་གནང་དང་བཅས་པ་ཡོངས་སུ་རྫོགས་པ་དང༌།གསང་བདེ་འཇིགས་གསུམ་གྱི་དབང་བཞི་ཡོངས་རྫོགས་ཁྲིད་ལག་རྗེས་དང་བཅས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་པ་རྨད་དུ་བྱུང་བ་རྣམས་དང༌། ལམ་རིམ་ཆེ་ཆུང་གི་ལུང་གཟབས་བཤད་དང་བཅས་པ་རྣམས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚེ་དབང་ཁྲིད་དང་བཅས་པ་དང༌། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྒྲུབ་སྐོར་ཐུན་མོང་མ་ཡིན་པ་རྣམས་དང༌། འཕགས་པ་བཅུ་གཅིག་ཞལ་གྱི་རྗེས་གནང༌། སྙིང་པོ་དོན་གསུམ་དང༌། ཚེ་བུམ་དམར་ཁྲིད་སོགས་འཕགས་པའི་ཆོས་སྐོར་ཡོངས་སུ་རྫོགས་པ་དང༌། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་རྗེས་གནང་སྒྲུབ་སྐོར་དང་བཅས་པའི་ལུང་དང༌། ཡིག་ཆུང་ཉི་ཤུ་རྩ་གཅིག་གི་ལུང་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་ལྟ་ཁྲིད་དང༌། རྒྱལ་སྲས་བློ་གྲོས་སྦས་པའི་ལྟ་ཁྲིད་རྣམས་ཀྱི་ལུང་དང༌། སྐྱབས་འགྲོའི་ཁྲིད་རིམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་དང༌། གཅོད་ཀྱི་ཆོས་སྐོར་ཡོངས་རྫོགས་དང༌། ཐུན་དྲུག་གི་རྣལ་འབྱོར་ལ་སོགས་པ་མདོར་ན་ལྷག་པའི་ལྷ་དང་ཡི་དམ་དང་ཆོས་སྐྱོང་དུ་མའི་རྗེས་གནང་སྒྲུབ་སྐོར་མཐའ་ཡས་པ་དང༌། གཏོར་འབུམ་གྱི་ལུང་དམིགས་རིམ་དང་བཅས་པ་དང༌། མེ་ཏོག་དང༌། རྡོ་དང༌། ཆུའི་བཅུད་ལེན་བྱ་ཚུལ་གྱི་ལུང་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པ་ཞུས་ཤིང་ཕྱག་ལེན་ལ་ཐེབས་པར་མཛད་དོ། །དེ་ལྟར་རྨད་དུ་བྱུང་བའི་གདམས་པའི་གཏེར་ཆེན་པོར་ནི་གྱུར། སྡོམ་པ་གསུམ་ཡང་དག་པར་ནོས་ནས་བཅས་མཚམས་ལས་སྐད་ཅིག་ཙམ་ཡང་མི་འདའ་བར་མིག་གི་འབྲས་བུ་ལྟར་སྐྱོང་བའི་དྲན་ཤེས་ཀྱི་གོམས་་པ་ནི་ཡོངས་སུ་རྫོགས། ཞི་ལྷག་ཟུང་དུ་འབྲེལ་བ་དང་བསྐྱེད་པའི་རིམ་པ་གོམས་པ་མཐར་ཕྱིན་ཏེ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པས། ད་ནི་ཚེ་འདིའི་འཁྲི་བ་བཙན་ཐབས་སུ་བཅད་དེ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱའོ་སྙམ་དུ་དགོངས་པ་འབའ་ཞིག་བྱུང་སྟེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་རང་ཉིད་ཀྱི་གསུང་ལས་ཀྱང༌། དེ་དུས་རྗེ་བླ་མ་དམ་པའི་ཆོས་འདོད་དགུར་ཞུས་ཡོད་པ་ཞིག་ཡིན་ནའང༌། ཐུན་མོང་མ་ཡིན་པའི་གདམས་པ་རྣམས་ནི་ཐོབ། ད་སྣང་བ་མི་དང་མི་བསྟུན་པའི་སྒྲུབ་པ་ཞིག་བྱེད་པས་རྣམ་གྲངས་མང་པོས་དགོས་པ་མི་འདུག་སྙམ་དུ་མ་ཞུས་པ་དེས་ཅུང་ཟད་ཐོབ་རྒྱ་ཆུང་བ་བྱུང་འདུག་གསུངས། དེ་ནས། བདག་ཉིད་ཆེན་པོ་འདི་དགེ་འཕེལ་གྱི་མཁན་པོར་སྤྱན་འདྲེན་པའི་གསོལ་བ་འདེབས་པ་དང༌། སྡེ་པ་རིན་སྤུངས་པ་དཔོན་བློན་གྱི་ཕྱག་དམ་ནན་ཆགས་པ་དང་བཅས་བྱུང་བ་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号