དམ་པ་འདི་ནི་སྐྱེ་བ་མང་པོར་དབེན་པ་ལ་ཐུགས་གཞོལ་བས་དང་དུ་མ་བཞེས་ཀྱང༌། རྒྱལ་བ་དབེན་ས་པ་ཆེན་པོས་དམ་ཚིག་ལ་བཀར་ཏེ་རང་དབང་མེད་པར་རེ་ཞིག་མཛད་པའི་ཞལ་ལེན་གནང༌།དེ་ནས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཐོག ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང་གི་གདན་ས་ཤངས་མདོ་རི་བོ་དགེ་འཕེལ་གྱི་ཆོས་ཁྲི་ལ་འཁོད་ནས་དོན་དུ་གཉེར་བ་དག་ལ་ལེགས་པར་བཤད་པའི་ཆར་ཆེན་པོ་ཡང་ཕབ། དེའི་མུ་ནས་རྗེ་གྲུབ་པའི་དབང་ཕྱུག་གི་ཞབས་ལ་ཚེར་མའི་རེག་པས་ཉེན་པའི་བསྙུན་ཚུལ་བསྟན་ནས། སྐུའི་བཀོད་པ་ཉེ་བར་བསྡུ་བ་ལ་གཞོལ་ཞིང༌། སེམས་དཔའ་ཆེན་པོ་འདི་ཉིད་བདག་ཉིད་ཀྱི་རྒྱལ་ཚབ་ཏུ་འོས་པར་གཟིགས་ནས་གདན་དྲངས་ཏེ་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཟབ་པ་དང་རྒྱ་ཆེ་བའི་སྙན་རྒྱུད་ཀྱི་གདམས་པའི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བར་མཛད་དོ། །དེ་ནས་རིང་པོར་མ་ལོན་པར་རྗེ་གྲུབ་པའི་དབང་ཕྱུག་དབེན་ས་པ་ཆེན་པོ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ན། ཆོས་དང་ཟང་ཟིང་གི་སྒོ་ནས་ཐུགས་དགོངས་ཡོངས་སུ་རྫོགས་པར་མཛད་ཅིང་། ཁྱད་པར་དབེན་དགོན་དུ་རྗེ་གྲུབ་པའི་དབང་ཕྱུག་དབེན་ས་པ་ཆེན་པོའི་གཟིམ་སྤྱིལ་བཟོ་བཅོས་ཡོད་པར་གཙང་ཁང་དུ་བཞག་ནས་གཙུག་ལག་ཁང་མགོན་ཁང་བླ་བྲང་དང་བཅས་པའི་འགྲམ་བཏིངས་ཏེ་འཁོར་ལོ་གསུམ་གྱི་རོལ་པ་ཁོ་ནས་དུས་འདའ་བར་མཛད། དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་དོན་གྱི་དགོངས་པ་ལྟར་གཙང་ཁང་གི་ནང་དུ་སྐུ་གདུང་རིལ་པོར་བཞུགས་སུ་གསོལ་ཏེ། རིན་པོ་ཆེ་བརྡར་བའི་ཕྱེ་མ་དང་སྨན་འདམ་ལས་རྗེ་བཙུན་དམ་པ་རང་ཉིད་ཀྱི་སྐུ་འདྲ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཀུན་གྱི་མིག་གི་བདུད་རྩིར་སྤུངས་པ་ལྟ་བུར་པིར་ཐོགས་རྒྱལ་པོ་སྨན་ཐང་ནས་ཆོས་ཀྱི་རྗེ་བློ་བཟང་རྒྱ་མཚོ་དཔོན་སློབ་རྣམས་ཀྱིས་ལེགས་པར་བཞེངས། འདིའི་ནང་བཞུགས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ། དམ་པ་གོང་མ་མང་པོའི་སྐུ་གདུང་དང་རིང་བསྲེལ། སྐུ་བལ་སོགས་བྱིན་རྟེན་ཚད་མེད་པ་བཞུགས་སོ། །གཙང་ཁང་གི་ལོགས་རྣམས་ལ་བླ་མ་ལྷའི་རྣལ་འབྱོར་གྱི་རིམ་པ་དང་མཐུན་པའི་གསང་བདེ་འཇིགས་གསུམ་ཀྱེེ་རྡོར་དུས་འཁོར་རྣམས་ཀྱི་སྐུ་དང་སྟེང་དུ་རང་རང་གི་བླ་མ་བརྒྱུད་པ། འོག་ཏུ་སོ་སོའི་ཆོས་སྐྱོང་དང་བཅས་པ་ལེགས་པར་བཞེངས། གཙང་ཁང་གི་རྟེན་བཞེངས་རྣམས་གྲུབ་ཅིང་འདུ་ཁང་གི་ཐོག་ཁེལ་མཚམས་སུ་འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་དམ་པ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་གངས་ཅན་གྱི་མགོན་པོ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དཔལ་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་བ་རྟེན་འབྲེལ་ལེགས་པར་འཛོམ། དབེན་དགོན་དུ་གདན་དྲངས་རབ་ཏུ་གནས་པ་མཛད་ཅིང་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ། རྒྱལ་བ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱང་སྐུ་གདུང་རིན་པོ་ཆེར་དབུ་གཏུགས་ཏེ་རྒྱུན་རིང་དུ་བཞུགས་དད་གུས་ཚད་མེད་པ་འཁྲུངས་ཤིང༌།སྐུ་འདྲ་རིན་པོ་ཆེ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གཟིགས་སོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དཔོན་སློབ་རྣམས་རྒྱལ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞབས་ཕྱིར་ཕེབས་ཏེ། བཀྲ་ཤིས་ལྷུན་པོར་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་དང༌། བཀའ་གདམས་གླེགས་བམ་གྱི་ལེའུ་འགའ་རེའི་ལུང་དང༌། མགོན་པོ་ཞལ་ལུགས་གསུམ་གྱི་རྗེས་གནང་དང་ཐུན་མོང་མ་ཡིན་པའི་གཏོར་ཆེན་ལས་ཚོགས་དང་བཅས་པ་གདམས་པ་ཡོངས་སུ་རྫོགས་པའི་ལུང་སོགས་ཆོས་བཀའ་མང་དུ་གསན། སླར་དབེན་དགོན་དུ་ཕེབས་ཏེ་མཁར་ལས་ཀྱི་འཕྲོ་ཡོངས་སུ་རྫོགས་པར་མཛད་དོ། །མཚམས་ཤིག་ཏུ་སྤོར་ཏོག་ཏུ་ཕེབས་ནས་གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་བའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་རྣམས་དང་བཅས་པ་དང༌། གཞན་ཡང་བཀའ་ཆོས་མང་དུ་གསན། གླང་མིག་ཏུ་ཡང་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱི་སྐུ་སྐྱེ་རྗེ་རིན་པོ་ཆེ་གླང་མིག་པ་ཞེས་གྲགས་པ་དེ་ཉིད་ཀྱི་དྲུང་དུའང་དམ་པའི་ཆོས་མང་དུ་གསན། དེ་ནས་སྨན་ཐང་ནས་ཆོས་ཀྱི་རྗེ་བློ་བཟང་རྒྱ་མཚོ་དཔོན་སློབ་རྣམས་ཀྱིས་ཐུགས་ཀྱི་ཁུར་བཞེས་ཏེ་འདུ་ཁང་གི་ལོགས་བྲིས་ཡོངས་སུ་རྫོགས་པར་མཛད་ཅིང༌། གོང་དུ་རྒྱལ་པ་བློ་བཟང་དོན་གྲུབ་ཀྱི་སྐུ་འདྲ་སྐྱ་རིས་བཏབ་པའི་ཚེ་ཉིན་མཚན་ཁོར་ཡུག་ཏུ་མར་མེ་བཟུང་བ་སོགས་ངོ་མཚར་བའི་ལྟས་དུ་མ་ཡང་བྱུང༌། སྐུ་འདྲ་འདིས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་མནལ་ལམ་དུ་གསུང་ལན་གཉིས་ཙམ་བྱོན་ནོ། །དེ་ལྟར་འབད་པས་མཐར་བདེ་བར་གཤེགས་པའི་སྐུ་དངོས་སུ་བྱོན་པ་ལྟ་བུ་སྐྱེ་བོ་མཐའ་དག་ཡིད་འཕྲོག་ཅིང༌། མཁས་པ་རྣམས་མགུ་བ་སྐྱེད་པའི་ལོགས་བྲིས་ལེགས་པར་གྲུབ་ནས་རབ་ཏུ་གནས་པའི་དགའ་སྟོན་རྒྱས་པར་བསྒྲུབས་ཏེ་འཇམ་མགོན་སྙན་རྒྱུད་ཀྱི་བསྟན་པ་ནམ་ཡང་མི་ཉམས་པར་ཕྱོགས་ཀུན་ཏུ་འཕེལ་ཞིང་རྒྱས་པ་དང༌། གྲུབ་པའི་གནས་མཆོག་འདི་ཡང་འཇམ་མགོན་སྙན་རྒྱུད་བསྟན་པའི་འབྱུང་ཁུངས་སུ་སྒྲུབ་པར་མཛད་དོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དཔོན་སློབ་རྣམས་གངས་ཅན་ཆོས་འཕེལ་དུ་ཕེབས་ཏེ། རྡོ་རྗེ་འཛིན་པ་ཆེན་པོ་རིགས་པ་སེང་གེའི་དྲུང་དུ་བདེ་མཆོག་ལོ་དྲིལ་གཉིས་ཀྱི་དབང༌། འཇིགས་བྱེད་ཀྱི་དབང༌། ཀྱཻ་རྡོར་གྱི་དབང༌། འཁོར་ཆེན་གྱི་དབང༌། ཚེ་དཔག་མེད་ལྷ་དགུའི་དབང༌། དཔལ་ལྡན་ལྷ་མོའི་དབང་བཞི། གུར་ཞལ་གྱི་རྗེས་གནང༌། ནཱ་རོ་ཆོས་དྲུག་གི་ཁྲིད། བདེ་མཆོག་གི་མངོན་པར་རྟོགས་པ་རྒྱ་ཆེར་བཤད་པ་འདོད་འཇོ། རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད། བརྟག་གཉིས་ཊྰིཀ་ཆེན། ཀྱཻ་རྡོར། བདེ་མཆོག་རྣམས་ཀྱི་མངོན་དཀྱིལ་སོ་སོའི་ལུང་སོགས་ཆོས་མང་དུ་གསན་ནས། སླར་གྲུབ་པའི་གནས་མཆོག་དབེན་དགོན་དུ་ཕེབས་ཏེ་འཁོར་ལོ་གསུམ་གྱི་བྱ་བས་འཇམ་མགོན་སྙན་རྒྱུད་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པར་མཛད་དོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དཔོན་སློབ་ཉུང་བསྡུས་ཤིག་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་ལ་ཕེབས་ཁར་མཇལ་བར་བཞེད་དེ། དཔོན་སློབ་ཐམས་ཅད་གླང་གི་ལོ་ཟླ་བ་གསུམ་པའི་ནང་དུ་དབུས་ཕྱོགས་སུ་ཕེབས་ཏེ། ཐོག་མར་ལྷ་སར་ཇོ་ཞལ་གཉིས་སོགས་རྟེན་རྣམས་ཀྱི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་ཡང་དག་པར་མཛད། དེར་དཔལ་གྱི་ལྷ་མོས་དངོས་སུ་གསུང་བྱོན་པར་ཡང་འདུག དེ་ནས་རི་བོ་དགེ་ལྡན་དུ་ཆོས་རྗེ་བྱམས་པ་རྒྱ་མཚོའི་དྲུང་དུའང་ལམ་རིམ་གྱི་འགོ་ནས་ཆོས་འབྲེལ་ཞིག་གསན། དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པའི་དྲུང་དུ་དད་གུས་ཀྱིས་ཀུན་ནས་བསླངས་པའི་འབུལ་བ་ཡང་དག་པས་མཉེས་པར་བྱས་ཤིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་མང་དུ་ཞུས། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་པོའི་དྲུང་དུའང་སྤྱོད་འཇུག་དང་མཚན་བརྗོད་ལ་སོགས་པའི་ལུང་དུ་མ་ཞུས། དེའི་ཚེ་དམ་པ་འདི་ཉིད་ཀྱི་དྲུང་དུའང༌། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དགེ་ལྡན་པ་ཡབ་སྲས་ལ་སོགས་པའི་མི་ཆེན་དང༌། དགེ་བའི་བཤེས་གཉེན་དུ་མས་ཞབས་ལ་གཏུགས་ཤིང༌། མཁས་གྲུབ་དམ་པ་འདིས་ཀྱང་སྐལ་ལྡན་དེ་དག་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བཀའ་དྲིན་ཡང་དག་པར་སྩལ་ཏེ་སླར་གཙང་ཕྱོགས་སུ་ཕེབས། དེ་ཁའི་སྟོན་གཙང་རོང་གི་སྡེ་འཁྲུག་ཆེན་པོ་བྱུང་སྟེ། གྲྭ་པ་བྱིང་བསོད་སྙོམས་ལ་བྱོན་ཤུལ་གཟིམ་ཁང་ན་དཔོན་སློབ་གསུམ་ལས་མེད་པའི་ཐོ་རངས་ཤིག་པ་སྣམ་རྫོང་གི་སྲུང་ཆེ་བའི་ཁྲོད་ནས་དྭགས་པོ་དང༌། དེ་ལ་བརྟེན་པའི་པ་སྣམ་པའི་ཕོ་ཡན་འཚོགས་པའི་དམག་གི་ཚོགས་ཤིན་ཏུ་འཇིགས་པས་བཅོམ་ཏེ་མདའ་མཚོན་གྱི་ཆར་ཕབ། དེའི་ཚེ་བདག་ཉིད་ཆེན་པོ་འདིས་དེ་ལྟར་མ་བྱེད་ཅེས་འཇིགས་པ་མེད་པ་ལྟར་སྐུ་མངོན་དུ་ཕྱུང་སྟེ་སྐལ་ངན་དེ་དག་ལ་གོ་བར་མཛད་པ་དེ་དག་གིས་དམ་པ་འདི་ལ་ཆེས་ཆེར་བསྡིགས་ནས་མདའ་འཕངས་པ་ཕལ་ཆེར་བདག་ཉིད་ཆེན་པོའི་སྐུ་ལས་ཡོལ་ཏེ་འགྲོ་ཞིང༌། འགའ་ཞིག་ཕོག་ཀྱང་ཇི་ལྟར་རྡོ་རྗེ་རིན་པོ་ཆེའི་རང་བཞིན་གྱི་བྲག་རི་ལ་མདའ་ཕལ་པ་འཕངས་པ་ལྟར་གནོད་པ་མེད་པར་བྲུལ་བར་བྱེད་དོ། །དེར་སྡིག་པ་ཅན་དེ་དག་ཀྱང་འདི་ལ་ནི་མཚོན་བསྲུང་བླ་ན་མེད་པ་དང་ལྡན་པ་ཞིག་གོ། །ཞེས་སྒྲ་དབྱངས་སྒྲོགས་མོད་ཀྱང་ལྷ་དང་བླ་མའི་ཐུགས་རྗེའི་གཟི་བྱིན་གྱིས་ཡིན་གྱི་མཚོན་སྲུང་ཐ་མལ་པ་ནི་གཏན་ནས་མེད་གསུང་ངོ༌། །བདག་ཉིད་ཆེན་པོ་འདི་ནི་བླ་མ་ལྷའི་རྣལ་འབྱོར་ལ་བརྟེན་པ་ཐོབ་པས་གང་སྣང་ཐམས་ཅད་བླ་མ་ལྷའི་རྣམ་རོལ་ཏུ་འཆར་ཞིང༌། དམ་ཅན་ཆོས་སྲུང་རྣམས་ཀྱང་བླ་མ་ལྷའི་བྱ་སྒྲུབ་ཡེ་ཤེས་ཀྱི་རང་སྣང་དུ་ཤར་ཏེ་རྒྱུད་སྡེ་ནས་གསུངས་པའི་འཕྲིན་ལས་རབ་འབྱམས་ཐམས་ཅད་བླ་མ་ལྷའི་རྣལ་འབྱོར་གྱིས་སྒྲུབ་ནུས་པ་བྱུང་ཞིང་མཁས་གྲུབ་ཆེན་པོ་འདི་ཉིད་ཆོས་སྐྱོང་ལ་མངའ་བརྙེས་པས་གཏོར་བརྡེག་དང་བསྐང་གསོ་སོགས་གང་གནང་ཡང་ཟིལ་གཞན་པས་ཆེ་བ་ཞིག་འོང༌། གཏོར་བརྡེག་མཛད་པའི་སླ་ང་ལ་ཞབས་རྗེས་བྱོན་པའང་མང་དུ་བྱུང་འདུག་ཅིང༌། བསྐྱེད་པའི་རིམ་པ་མཐར་ཕྱིན་པས་ལྷག་པའི་ལྷའི་ང་རྒྱལ་དང་གསལ་སྣང་ཤིན་ཏུ་བརྟན་པ་མངའ་བའི་སྟོབས་ཀྱིས་ནང་མཆོད་རང་ཁོལ་དང༌། ཚེ་རིལ་འཕར་བ་དང༌། བདུད་རྩི་འབབ་པ་དང༌། ཚེ་ཆང་ཁོལ་བ་དང༌། སྤྱན་དབྱེའི་ཚེ། ལྷས་མེ་ཏོག་དངོས་སུ་བཟུང་བ་ཡང་དུ་མ་ཞིག་བྱུང༌། དེ་ནས་དབེན་དགོན་དུ་ལོ་རེ་བཞིན་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་གནང་བས་ཕྱིས་ནི་མཁས་ཤིང་གྲུབ་པའི་སྙན་གྲགས་ཀྱི་འུར་ལངས་ཏེ་ཕྱོགས་ཕྱོགས་ཀྱི་སྡེ་དགོན་སོ་སོའི་བླ་མ་དང༌། སྡེ་དཔོན་མང་པོས་ཀྱང་མཆོད་གནས་འགྲན་ཟླ་མེད་པར་བཟུང་བ་ཡིན་ནོ། །དེའང་དུས་རྒྱུན་པར་ཡང་བླ་མ་ལྷའི་རྣལ་འབྱོར་ཁོ་ན་ལ་སྒྲུབ་པ་སྙིང་པོར་མཛད་ཅིང་རྟོགས་པ་ཁྱད་པར་ཅན་དེ་ལ་བརྟེན་ནས་བརྙེས་ཏེ། བཀའ་ལས། དཔལ་ལྡན་བདེ་ཆེན་དབེན་པའི་ཕོ་བྲང་དུ། །རྩེ་གཅིག་བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ། །རྟག་ཏུ་བླ་མ་དྲན་པའི་བསམ་གཏན་ལ། །གཡེལ་མེད་གཅིག་ཏུ་གཞོལ་ཞིང་བརྩོན་པར་བྱེད། །ཅེས་གསུངས། ཡང་བཀའ་ལས། མ་ཡེངས་དྲན་པའི་ཆུ་འཛིན་འཐུག་པོ་ལས། །དོན་དམ་རིག་པའི་གནམ་ལྕགས་ཆར་ཕབ་ནས། ། 4/5 མདུན་ངོས། 上一页 2 3 4 5 下一页 尾页 |