ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དེང་སང་ཆོས་བྱེད་ཕལ་ཆེར་ཚེ་འདིའི་རྙེད་བཀུར་སྙན་གྲགས་འབའ་ཞིག་འཚོལ་ཞིང་ལྷག་པར་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པར་བྱས་པ་དང༌། བླ་མའི་གདན་ཁྲི་འཛིན་པ་ཕལ་ཆེར་ཡང་རྙེད་བཀུར་ངན་ངོན་རེ་ཡང་བློས་མི་ཐོངས་པར་དགོན་པ་ཆུང་ངུ་རེ་དང་ས་ཆ་ཕྲན་བུ་རེ་ལ་ཡང་ཅི་ཐོབ་བྱེད་པའི་ངང་ཚུལ་འདི་ལ་དཔགས་ན་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་ཐམས་ཅད་མཁྱེན་པ་འདི་ནི་ནོར་འཛིན་ཡངས་པའི་ཁྱོན་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་གོང་མ་བདག་པོ་ཆེན་པོ་ལྟ་བུས་བསྙེན་བཀུར་བའང་དང་དུ་མི་བཞེས་ཤིང་ས་ཆེན་པོའི་ཁྱོན་ལ་དབང་བསྒྱུར་བའི་དཔལ་ཕུལ་ཡང་དགྱེས་པ་མེད་ཅིང་ཚུལ་དེས་ལྷག་པར་འཇིགས་ཤིང་སྐྲག་པ་དང་སྐྱོ་ཞིང་ཡིད་འབྱུང་བར་མཛད་ནས་དགེ་འདུན་གྱི་སྡེ་གནས་པའི་རྟེན་ཙམ་ལས་རང་དོན་དུ་གསེར་སེ་བ་གང་དང༌། ས་རོལ་གང་ཙམ་ཡང་མི་བཞེས་པར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོས་འགྲོ་བའི་སྡུག་བསྔལ་ཞི་བ་དང་རྒྱལ་བའི་བསྟན་པ་འཕེལ་བ་འབའ་ཞིག་ཐུགས་ལ་བརྣགས་ཏེ་སྒོ་གསུམ་གྱི་བྱ་བ་ཅི་མཛད་ཐམས་ཅད་བསྟན་པ་དང་སེམས་ཅན་ཁོ་ནའི་དོན་དུ་མཛད་པ་འདི་འདྲ་བ་ནི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ལན་ཅིག་མིན་པར་བསྔགས་པའི་གནས་ཡིན་ཞིང༌།   སྔོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཞིང་འདིར་བྱོན་ནས་མཛད་པ་དེ་ལྟར་དུ་མཛད་པ་དུས་མཐའ་འདིར་བདག་གི་དྲིན་ཅན་རྩ་བའི་བླ་མ་འདིས་ཕྱག་ལེན་དུ་ཐེབས་པར་མཛད་པ་ཡིན་པས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་པའི་རྣམ་པར་ཐར་བ་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ།     །དེ་ནས་རྗེ་འདིས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ལ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མའི་བསྟན་པ་བསྲེ་བསླད་མེད་པར་སྐྱོང་དགོས་ཚུལ་ཞལ་ཏ་ཞིབ་རྒྱས་སུ་མཛད་དེ་བསྟན་པའི་བདག་པོར་མངའ་གསོལ་ནས་གཙང་དུ་ཆིབས་ཁ་བསྐྱོད། བཀྲ་ཤིས་ལྷུན་པོར་ཕེབས་ནས་སྙུག་མར་གནས་པ་དང་ཕྱོགས་འདུས་ཀྱི་དད་ལྡན་སེར་སྐྱ་བགྲང་བ་ལས་འདས་པ་ལ་ཞལ་གྱི་དཀྱིལ་འཁོར་སྟོན་པ་དང༌།   ཕྱག་གིས་བྱིན་རླབས་མཛད་པ་དང༌།   ཆོས་ཀྱི་བདུད་རྩི་སྩལ་བ་དང༌། ལྷག་པར་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་བརྒྱུད་མར་སྩལ་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང༌།     ཤི་གསོན་གྱི་རྫས་རྣམས་ཆུད་མི་ཟ་བའི་ཕྱིར་བཀྲ་ཤིས་ལི་མ་ལྷ་ཁང་སོགས་ལྷ་ཁང་མང་པོ་དང༌།   བསྟན་བཅོས་འགྱུར་རོ་ཅོག་རྣམས་དང༌།   རྗེ་ཡབ་སྲས་ཀྱི་གསུང་རབ་སོགས་སྐུ་གསུང་ཐུགས་རྟེན་གསར་བཞེངས་མང་པོ་དང༌། སྔར་ཡོད་རྣམས་ལ་མཆོད་རྫས་དང་།   རྒྱལ་བསྟན་ཇི་སྲིད་གནས་པའི་བར་དུ་མི་ཉམས་པའི་མཆོད་པའི་ཐེབས་དང༌།   རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་མཐའ་དག་ལ་བསྙེན་བཀུར་ནར་མར་མཛད་པ་སོགས་སྔོན་བྱོན་པའི་དམ་པ་རྣམས་ཀྱི་མཛད་པ་རྣམ་ཐར་བཟང་པོ་རྣམས་རྗེ་འདིས་མ་ཉམས་པར་བསྐྱངས་ཤིང་མ་འོངས་པ་ན་འབྱོན་པར་འགྱུར་བའི་བསྟན་འཛིན་དམ་པ་ཐམས་ཅད་ཀྱི་མིག་ལྟོས་སུ་འགྱུར་བ་ཞིག་མཛད་དོ།། མདོར་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ནི་བཀའ་གདམས་སྐུ་མཆེད་གསུམ་གྱི་རྣམ་པར་ཐར་བ་རྗེས་སུ་བསྐྱངས་ཏེ། དེ་ཡང་དགེ་བའི་བཤེས་གཉེན་ཕུ་ཆུང་བ་ཆེན་པོ་ནི་འགྲོ་བའི་ཕན་བདེ་དཀོན་མཆོག་གི་ཐུགས་རྗེ་ལ་རག་ལས་པར་དགོངས་ནས་དཀོན་མཆོག་མཆོད་པ་གཙོ་བོར་མཛད་པའི་རྣམ་པར་ཐར་བ་ལྟར།   རྗེ་འདིས་ཀྱང་བསྐལ་བཟང་ལི་མ་ལྷ་ཁང་སོགས་མཆོག་གསུམ་གྱི་རྟེན་བསམ་ལས་འདས་པ་གསར་དུ་བཞེངས་ཤིང༌།དེ་དག་དང་སྔོན་བཞུགས་པའི་མཆོག་གསུམ་གྱི་རྟེན་རྣམས་ལ་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པས་མཆོད། དེ་ཡང་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་མཆོད་པ་རྒྱུན་མི་འཆད་པར་འབྱུང་བར་མཛད་པའང་མཐའ་ཡས་ཏེ།   ད་ལྟ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་སྣང་བ་འདི་བཞིན་ནོ།  །དགེ་བའི་བཤེས་གཉེན་སྤྱན་སྔ་བ་ནི་སེམས་ཅན་གྱི་བདེ་སྐྱིད་དགེ་འདུན་གྱི་སྡེ་གནས་པ་ལ་རག་ལས་པར་དགོངས་ནས།   གཙུག་ལག་ཁང་དང༌།   ལྷ་ཁང་མང་དུ་བརྩིགས་པའི་རྣམ་ཐར་ལྟར།    རྗེ་འདིས་ཀྱང་བོད་ཡུལ་གྱི་ལྗོངས་འདིར་གཙུག་ལག་ཁང་ཆེས་དར་རྒྱས་སུ་མཛད་དེ།   བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་རྒྱ་ཆེར་འཕེལ་བ་འདི་བཞིན་དང༌། གངས་རིའི་ལྗོངས་ཀྱི་རི་སུལ་རྣགས་སུ་བསམ་གཏན་གྱི་སྡེ་མང་དུ་འཛུགས་པར་གནང་བ་སོགས་རྗེ་འདི་ཉིད་ཀྱི་བཀའ་དྲིན་ལས་གངས་ཅན་གྱི་ལྗོངས་འདིར་ཁྲིམས་ལྡན་འདུས་པའི་སྡེ་རྒྱ་ཆེར་འཕེལ་བ་ཀུན་གྱི་མིག་ལམ་དུ་སྣང་བ་འདིའོ། །དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ནི་དགེ་འདུན་གྱི་བསྙེན་བཀུར་དང༌།   བཀའ་གདམས་གཞུང་དྲུག་གི་སྒོ་ནས་ཇོ་བོའི་མན་ངག་འཆད་པ་གཙོ་བོར་མཛད་པ་བཞིན། རྗེ་འདིས་ཀྱང་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་མཐའ་དག་ལ་བསྙེན་བཀུར་གཙོ་བོར་མཛད་ཅིང༌།    ལྷག་པར་བཀྲ་ཤིས་ལྷུན་པོ་ནི་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་ཏེ།  དགེ་འདུན་ཞལ་གྲངས་ཇེ་འཕེལ་དུ་གྱུར་ཅིང༌།   བྱང་ཕྱོགས་བསིལ་ལྡན་ཡངས་པའི་ལྗོངས་འདིར་ལུགས་གཉིས་ཀའི་སྒོ་ནས་འགྲན་ཟླ་དང་བྲལ་བ་ཀུན་གྱི་མིག་ལམ་དུ་སྣང་བ་འདི་བཞིན་ནོ།    །མཛད་པ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་པ་ཡིན་པས།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号