གཡས་གཡོན་གཉིས་ན་ཉེ་གནས་རེ་ལྡེམ་སྐུར་བྲིས། གཡས་གཡོན་གྱི་མཐའ་རས་ལ་ཇོ་བོའི་མཛད་པ་རྣམས་དང༌། འོག་ན་ཚུར་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བྲིས། དེའི་མདུན་དུ་ལོ་ཙཱ་བ་ཉིད་གསོལ་བ་འདེབས་པའི་ཚུལ་དུ་བྲིས། དེའི་རྒྱབ་ལ་ཇོ་བོའི་བསྟོད་པ་བརྒྱད་ཅུ་བ་བྲིས། རབ་གནས་མཛད་པའི་ཚེ། ཇོ་བོ་རྗེ་ཉིད་དགའ་ལྡན་ནས་འབྱོན་པར་ཞལ་གྱིས་བཞེས་པས་འདི་ཇོ་བོ་རྗེ་ཉིད་དང་ཁྱད་མེད་པ་ཡིན། མངའ་རིས་སྐོར་གསུམ་གྱི་རྟེན་ལ་བྱིན་རླབས་ཆེ་ཤོས་ཡིན་གསུང༌། དེའི་རྗེས་སུ་ཛྙྰ་ན་ཨཱ་ཀ་ར་དང༌། བལ་པོ་ཤྲིནྟཾ་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་ལ་སོགས་པ་བསྟེན་ནས་འགྱུར་ཡང་མང་དུ་མཛད་དོ། །དེ་ནས་ཇོ་བོས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས་ཇོ་བོ་ཡི་གེ་དྲུག་པ། སྒྲོལ་མ། འཇམ་དཔལ་རྡོ་རྗེ་རྣམས་ཞལ་གཟིགས། ཁོང་རང་གི་ཡི་གེ་ལས་ཀྱང༌། ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། །ཞེས་ཇོ་བོའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཁོང་རང་ལ་ཡོད་པར་ཞལ་གྱིས་བཞེས་ཤིང་ཇོ་བོ་རྗེ་བོད་དུ་གདན་འདྲེན་མཛད་པས་ལོ་ཙཱ་བ་འདི་ནི་བོད་ཁམས་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་གོ།།ལྷ་བླ་མ་བྱང་ཆུབ་འོད་ནི་མངའ་རིས་ཆོས་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བསྟན་པ་དང་སེམས་ཅན་གྱི་ཁུར་ཁྱེར་ཏེ་ཇོ་བོ་སྤྱན་འདྲེན་པའི་བྱེད་པ་པོ་མཛད། བསྟན་པ་སྤྱི་ཁྱབ་ཏུ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞུས་ཏེ། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར། ཁོང་གིས་ཇོ་བོ་ལ་བདག་རྒྱུད་གསང་བ་འདུས་པ་མན་ངག་ཡེ་ཤེས་ཞབས་ལུགས་ཡི་དམ་ཐུགས་རྗེ་ཆེན་པོ་ལ་མོས་པས། འཇིག་རྟེན་དབང་ཕྱུག་གིས་དཀྱིལ་འཁོར་གྱི་གཙོ་བོ་བྱས་པའི་སྒྲུབ་ཐབས་ཤིག་ཞུ་ཞུས་པས། འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་དབང་གནང་ཞིང་སྒྲུབ་ཐབས་ཆེ་ཆུང་གཉིས་བསྟོད་པ་དང་བཅས་མཛད་དེ་ལོ་ཙཱ་བས་བསྒྱུར། ཇོ་བོའི་འཇིག་རྟེན་དབང་ཕྱུག་ལ་ཐུགས་དམ་དུ་མཛད་པས་ཞལ་མངོན་སུམ་དུ་གཟིགས། དབུས་སུ་ཕེབས་ནས་ཀྱང་ཇོ་བོའི་ཞབས་ཏོག་མཛད་ཅིང་ཆོས་ཀྱང་མང་དུ་གསན། ཇོ་བོའི་གསུང་ལ་གཅེས་སྤྲས་སུ་མཛད་པས་ཇོ་བོ་རྗེ་ཤིན་ཏུ་མཉེས། ལྷ་བཙུན་བོ་ངྷི་རཱ་ཛས་ཇོ་བོ་ལ་ལྟ་བཙུན་པས་ཕྱག་མཛད་ཙ་ན་མི་བཞེང༌། ཁོ་བོས་ཕྱག་བགྱིས་ཙ་ན་སྐུ་ལུས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཀྱང་བཞེང་བ་ཇི་ལྟར་ལགས་ཞུས་པས། ལྷ་བཙུན་པ་ངའི་སློབ་མ་ཡིན་ཁྱེད་བོད་ཀྱི་རཱ་ཛ་ཡིན་གསུང༌། འོ་ན་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པས། ཇོ་བོ་སྤྱན་ཟིམ་མེ་མཛད་ནས་ལགས་ལགས་བཟོད་པ་མཛོད་གསུང༌། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། ཞེས་ཇོ་བོ་རྗེ་ཐུགས་ཤིན་ཏུ་མཉེས་པས་སྲས་ཀྱི་ཐུ་བོར་གྱུར་པ་ཞིག་སྟེ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་འཛམ་གླིང་བསྟན་པའི་སྒྲོན་མེ་གཅིག་པུ་འདི་ཁོང་གི་བཀའ་དྲིན་ལས་བྱུང་བས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་པ་ཞིག་གོ། །གཙང་གི་སློབ་མ་རྣམས་ཀྱི་གཙོ་བོ་རྗེ་འགོས་ལོ་ཙཱ་བ་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་སའི་ཆར་ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལ་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཞེས་བྱ་བ་ཡིན་ལ། དང་པོར་ཟུར་པའི་སར་སློབ་གཉེར་ལ་བྱོན་པས་ལས་ཁོ་ན་བཅོལ་བས་འབྲོག་མིའི་ཐད་དུ་བྱོན། ཆོས་འབྲེལ་ཙམ་གནང་ཡང་རྒྱུད་ཉན་པར་འདོད་པ་ལ་གསེར་ཁྱེར་ཤོག་གསུངས་ནས་མ་གནང་བས། རང་གི་སྤོབས་པ་བསྐྱེད་དེ་རྒྱ་གར་དུ་ཕྱིན་ལ་ཁོང་འདྲ་བ་ཞིག་བྱ་སྙམ་ནས། གྱི་ཇོ་ཟླ་བའི་འོད་ཟེར་དང་འགྲོགས་ཏེ་རྒྱ་གར་དུ་བྱོན། པཎྜི་ཏ་རྣམས་ཀྱི་ཐད་དུ་ཆོས་གསན་པའི་ཚེ་ན་བརྩོན་འགྲུས་མ་བསྐྱེད་ན་འབྲོག་འདོམ་དེ་ལ་ངོ་ཚ་བར་ཡོད་གསུངས་ནས་སྙིང་རུས་བསྐྱེད་དེ་སློབ་གཉེར་ལ་འབད་པ་ཆེན་པོ་མཛད། ཁོང་ལ་བལ་པོ་ཕན་ཆད་ན་པཎྜི་ཏའི་བླམ་བདུན་ཅུ་དང༌། མཁའ་འགྲོ་མའི་བླ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཡོད་པར་གྲགས། གསང་བ་འདུས་པ་གསན་པའི་གཙོ་བོ་ནི་བྷཾ་ག་ལའི་མངོན་ཤེས་ཅན། ཟ་ཧོར་གྱི་བཙུན་མོ་ཅན། ཀོང་ཀ་ནའི་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ། ཁ་ཆེ་གྲིབ་སྟན་གྱི་མཁས་པ་ཙནྡྲ་རཱ་ཧུ་ལ། རྒྱལ་པོའི་ཁབ་ཀྱི་ཞི་བ་བཟང་པོ། ཡེ་རང་གི་བལ་པོ་ཐུགས་རྗེ་ཆེན་པོ། བལ་པོ་རྫོང་གི་ན་བ་ཀུ་དྰི་བ། ནཱ་རོ་པའི་སློབ་མ་ཁ་ཆེ་ཛྙྰ་ན་ཨཱ་ཀ་ར་རྣམས་བསྟེན་ནས་གསང་བ་འདུས་པའི་རྒྱུད་འགྲེལ་པ་ཆ་ལག་དང་བཅས་པ་མཁས་པར་བསླབས་ནས་བཤད་པ་མཛད་པས་འཕྲིན་ལས་ཀྱི་དར་རྒྱས་ཤིན་ཏུ་ཆེ། རྒྱུད་འགྲེལ་པ་དང་བཅས་པ་ལ་འགྱུར་བཅོས་ཀྱང་ལན་གཉིས་སུ་མཛད། གཞན་ཡང་འགྱུར་མང་དུ་མཛད། ལྷག་པར་གསང་བ་འདུས་པ་འཕགས་ལུགས་ལ་འཕྲིན་ལས་ཀྱི་བཀའ་བབ་པས་བོད་དུ་འདུས་པའི་བཤད་སྲོལ་རྒྱ་ཆེར་སྤེལ་ལོ། །ཆོས་རྗེ་བུ་སྟོན་རིན་པོ་ཆེ་དང་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱིས་རྗེ་འགོས་ཀྱི་འདུས་པའི་བཤད་སྲོལ་ཉིད་རྩལ་དུ་བཏོན་ནས་སྤེལ་བས་དེང་སང་གི་བར་དུ་བཤད་སྲོལ་རྒྱུན་མ་ཆད་པར་ཡོད་པ་འདི་བྱུང་བ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་གོ། །ཡོལ་སྐུ་མཆེད་གསུམ་ནི། ཡོལ་ཆོས་དབང༌། ཡོལ་དྲང་སྲོང༌། ཡོལ་ཐོགས་འབེབས་ཏེ། གསུམ་ག་ཇོ་བོའི་དངོས་སློབ་ཡིན་ཡང༌། དང་པོ་ཇོ་བོ་ཉན་ཚོར་ཕེབས་དུས་ཇོ་བོའི་ཞལ་ནས། ད་ནང་ཐོ་རངས་ནམ་མཁའ་ལ་ཧྲྰིཿདཀར་པོ་སྒྲ་དང་བཅས་པ་ཅིག་བྱུང༌། དེ་བཅུ་གཅིག་ཞལ་གྱི་སྐུ་ལི་མ་འདི་ལ་ཕོག དེ་ལས་འོད་འཕྲོས་བོད་ཐམས་ཅད་འོད་ཀྱིས་ཁྱབ་ནས་འོད་དེ་བན་ཆུང་གཞོན་ནུ་གཅིག་ལ་ཕོག་པས་དེའི་སྒྱུ་ལུས་འོད་གསལ་དུ་ཤར་བ་རྨིས་གསུང༌། ཉི་མ་རྩེ་ཤར་ལ་ཡོལ་ཆོས་དབང་བཙུན་ཆུང་ལོ་བཅུ་དྲུག་ལོན་པ་གཅིག་གིས་དར་སེར་པོ་ཞིག་ཕུལ། བདག་ལ་ཐུགས་རྗེ་ཆེན་པོའི་གདམས་ངག་ཅིག་ཞུ་ཟེར་བས་ཇོ་བོ་དགྱེས་ནས་བཅུ་གཅིག་ཞལ་གྱི་སྐུ་དེ་ཡང་གནང༌། སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་རྫོགས་པར་གནང༌། དེ་ནས་རང་གི་གནས་སུ་ཇོ་བོ་སྤྱན་དྲངས་ཏེ་ཟླ་བ་གསུམ་དུ་ཞབས་ཏོག་མཛད། དེའི་ཚེ་ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས།ལྐོག་ཆོས་སུ་ཡོལ་མཆེད་གསུམ་ལ་ཀྲི་ཡའི་སྒྲུབ་ཐབས་རྣམས་གསུངས། ཡོལ་གྱིས་ཇོ་བོ་ལ་སྲུང་བ་ཟབ་མོ་ཞིག་ཞུ་ཞུས་པས་མ་ཎི་གསུངས། དེས་མི་འོང་ཞུས་པས་མི་གཡོ་བ་གསུངས། སྟོན་པས་བྱིན་རླབས་ཆེ་བ་ཞིག་ཞུ་བྱས་པས། ཡི་གེ་དྲུག་པ་དང་ཞལ་བཅུ་གཅིག་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་ཞིག་ཞུ་ཞུས་པས་གཤིན་རྗེ་གཤེད་གསུངས། སྒྲུབ་ཐག་ཉེ་བ་ཞིག་ཞུས་པས་སྒྲོལ་མ་གསུངས།ཡོལ་གྱིས་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་ཞུས་ནས་སྒྲུབ་པ་མཛད་པས་ཟླ་བ་དྲུག་ནས་ཞི་བའི་ལྷའི་ཞལ་གཟིགས། དེ་ནས་ཁྲོ་བོའི་ཞལ་གཟིགས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡོལ་ལས་མཁས་པ་མེད་གསུངས། ཕྱིས་དབུས་སུ་ཡང་བྱོན་ཏེ་ཆོས་མང་དུ་གསན། ཁྱད་པར་རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དེ་ལོ་ཙཱ་བ་དང་ལྷ་བཙུན་པ་སོགས་ཀྱིས་ཞུས་ཀྱང་མ་གནང་བར་ཡོལ་ལ་འདི་སྙིང་རྗེའི་ལྷ་ཡིན་ཁྱོད་སྙིང་རྗེ་ཆེ་བས་སྟེར་བ་ཡིན་གསུངས་ནས་གནང༌། ཡོལ་ལ་བརྟེན་ནས་ཇོ་བོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་གདམས་པ་གྲུབ་མཐའ་རིས་སུ་མ་ཆད་པ་དག་ལ་རྒྱ་ཆེར་འཕེལ་ལོ། །རོང་པ་འགར་དགེ་ནི། རྟེན་དགེ་བསྙེན་ཡིན། ཇོ་བོ་སྤྱན་འདྲེན་ཏུ་མང་ཡུལ་དུ་བྱོན། བསམ་ཡས་སུ་ཡང་བྱོན་ཏེ། གསང་སྔགས་ཀྱི་གདམས་པ་མང་དུ་གསན་ཞིང་ཕྱིས་ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་པའི་དུས་ཉང་རོའི་སྟོན་པ་བསོད་ནམས་ཡེ་ཤེས་དང་ལྷན་དུ་ཕེབས།དེ་ནས་དགེ་བཤེས་སྟོན་པས་མཆིམས་ཕུ་ནས་ལོ་ཙཱ་བ་སྤྱན་དྲངས།སྟོན་པ་དགེ་བས་ཞུས་ནས་དཔལ་དགྱེས་པ་རྡོ་རྗེ་སློབ་དཔོན་ཤིནྟ་པས་མཛད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང༌། ཇོ་བོ་རྗེ་ཉིད་ཀྱིས་མཛད་པའི་ཌོམྦི་ཧེ་རུ་ཀའི་བདུད་རྩིའི་འོད་ཀྱི་འགྲེལ་པ་དང༌། དཔལ་འཁོར་ལོ་སྡོམ་པའི་གཞུང་མང་པོ་དང༌། དཔལ་མཧཱ་མ་ཡའི་སྒྲུབ་ཐབས་སློབ་དཔོན་ཀུ་ཀུ་རི་པ་དང་ཤིནྟ་པས་མཛད་པ་ལ་སོགས་པ་གསན།སྤྱིར་ན་འགར་འགོས་གཉིས་ལ་གསང་སྔགས་མཐའ་དག་གི་གདམས་པ་མ་ལུས་པར་གནང༌། ཁྱད་པར་དུ་གསང་སྔགས་འཕགས་སྐོར་ལ་རྩལ་ཐོན། ལྰུ་ཨི་པའི་དབང་བཀའ།ལྷ་སྲས་ཀྱི་འགྲེལ་པའི་བཤད་བཀའ། ཆོས་ཚན་དགུ་ལ་སོགས་པའི་རྫོགས་རིམ་ཡོངས་སུ་རྫོགས་པ་གསན་པ་ངང་གི་ཐུགས་ཉམས་སུ་བཞེས་ཤིང་སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་ལོ། །ལྷོ་བྲག་པ་ཕྱག་ཁྲི་མཆོག་ནི། འཁྲུངས་ཡུལ་ལྷོ་བྲག་པ། ལྷ་སར་ཇོ་བོ་མཇལ་བའི་ལམ་ཞོར་ལ་སྙེ་ཐང་དུ་ཇོ་བོ་རྗེ་དང་མཇལ་ཏེ་གདམས་ངག་མང་དུ་ཐོབ། ལོ་ལྔ་བསྟེན། ཆོས་མངོན་པ་ལ་རྩལ་ཐོན། འཇིག་རྟེན་དབང་ཕྱུག་དང༌། ཇོ་མོ་སྒྲོལ་མའི་ཞལ་གཟིགས་ཤིང་ཁམས་གོང་མའི་ཏིང་ངེ་འཛིན་ལ་མངའ་བརྙེས། ཇོ་བོའི་རྣལ་འབྱོར་མི་བཞིའི་ཡ་གྱལ་གཅིག་ཡིན། ཇོ་བོ་མྱ་ངན་ལས་འདའ་ཁར། ཚེ་འདི་བློས་ཐོང༌།ཚེ་གཞུག་འབྲོམ་སྟོན་པ་དང་མ་བྲལ་བ་གྱིས་ཤིག་གསུངས་པ་ལ་བརྟེན་ནས་འབྲོམ་གྱི་ཕྱག་ཕྱིར་ར་སྒྲེང་དུ་ཕེབས། དེ་ནས་ཇོ་བོའི་གདུང་ཁང་གི་དངུལ་འདོན་པ་དང༌། ཇོ་བོའི་ཕྱག་དཔེ་ཁ་ཅིག་རྒྱ་གར་དུ་རྫོང་བའི་སླད་དུ་བལ་ཡུལ་དུ་བྱོན། རྒྱ་གར་དུ་རྒྱ་དཔེ་འཕྲིན་ཡིག་དང་བཅས་པའི་མི་མང་པོ་བརྫངས། དངུལ་རྣམས་ལ་ལྗང་པ་བྱས་ནས་ཀ་བ་ལིར་བཅུག ཚུར་བྱོན་པའི་ལམ་དུ་རྨི་ལམ་ལ་ཇོ་མོ་སྒྲོལ་མའི་ཞལ་ནས་བྲམ་ཟེའི་ཁྱེའུ་ལོ་བཅུ་ལོན་པ་གཅིག་རས་ཚོང་དུ་འོང་གི་དེ་ཉོས་ལ་ང་ལ་ཕུལ་ཞིག དེ་ལྟར་བྱས་ན་ལམ་དུ་བར་ཆད་ཀྱིས་མི་ཚུགས་པའི་གཉེར་ཁ་ཐམས་ཅད་ངས་བྱེད་ཟེར་བ་ཞིག་རྨིས། སང་རས་ཚོང་བ་གཅིག་བྱུང་སྟེ་ཇོ་མོ་ལ་བསྡོས་ནས་དཔལ་མོ་དཔལ་ཐང་ལ་བྱོན་ཙ་ན་ཇག་པ་མང་བོ་བྱུང་བས་ཟླ་བོ་ཐམས་ཅད་བཅོམ། ཕྱག་ཁྲི་མཆོག་གི་དངུལ་ལྗང་པ་དེ་རྣམས་གད་སྐྱིབས་ཞིག་ན་ཕར་ལ་བཞག་པས་ཇག་པས་མ་མཐོང་བར་ཚུར་ཐོན། ལོ་རྒྱུས་དེ་ར་སྒྲེང་དུ་དགོན་པ་བ་ལ་ཞུས་པས། སྒྲོལ་མ་དཀར་སྔོ་གཉིས་གང་དུ་འདུག་གསུང༌། དེ་མ་དྲན་ཞུས་པས་དེ་གཉིས་ཀ་བཞེངས་གསུངས་ནས་རས་དེ་ལ་སྒྲོལ་མ་དཀར་སྔོ་གཉིས་ཀ་བཞེངས་ནས་ད་ལྟ་ར་སྒྲེང་ན་བཞུགས་པ་ལགས། གླང་རི་ཐང་པའི་ཞལ་ནས་རི་མོ་གསལ་རྒྱུ་མི་འདུག་སྟེ་སྤྲུལ་པའི་སྐུ་དངོས་ཡིན་གསུངས། དེ་ནས་རེ་ཤིག་ན་ཇ་ལུང་རྡོ་གང་གི་མང་སྐོལ་མཛད། དེ་རིང་ནི་གཏམ་རི་གཟར་གྱི་རྦབ་འདྲ་བ་གཅིག་འོང་པས་སོ་སོ་ནས་བཟོད་པ་མཛད་པ་ཞུ་གསུངས་ནས་བཟོད་གསོལ་སྔོན་ལ་མཛད། དགེ་བཤེས་སྟོན་པ་ལ་དགེ་བའི་བཤེས་གཉེན་པ་ལགས། ཁྱེད་ལ་ཇོ་བོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། 12/14 མདུན་ངོས། 上一页 10 11 12 13 14 下一页 尾页 |