ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
 དེས་ཀྱང་མི་ཕན། དེས་ཀྱང་མི་ཕན་མི་གསུང་བར་ཇོ་བོའི་གདམས་ངག་རྣམས་རྒྱུན་མི་གཅོད་པར་གསུང་བར་ཞུ།རྣལ་འབྱོར་པ་ལ། ཁྱོད་རྣལ་འབྱོར་པ་མི་ཆོས་སུ་ངན་ཏེ། ཇོ་བོའི་གཡོག་བཞག་ནས་རྦ་རྒྱ་མཚོའི་རྗེས་ལ་ཕྱིན། ལྷ་ཆོས་སུ་ངན་ཏེ་ཇོ་བོའི་གདམས་ངག་བསྒོམ་པ་བཞག་ནས་སྦས་ཆུང་སྟོན་པའི་བདག་མེད་མའི་སྒྲུབ་ཐབས་བསླབས་པ་ཡིན་ཞེས་དང༌། རྣལ་འབྱོར་པ་གོང་འོག་ལ་ཡང་བཀའ་ཕེབས་ལམ་མེ་བ་ཞིག་མཛད་ནས།ད་ཁོ་བོ་ཇོ་བོའི་ཐུགས་དགོངས་སྐོང་དགོས་པ་ཡོད་པས། སོང་ནས་མཚམས་གཅོད་པར་ཞུ་གསུང་བས།རྣལ་འབྱོར་པ་གོང་འོག་གི་ཐུགས་དགོངས་ལ་ཁོང་མཚམས་བཅད་ནས་མི་དང་མི་ཕྲད་པ་ཡིན་འོང་སྙམ་ཙ་ན་ཤུག་གསེབ་ལ་སོགས་པ་གར་ཐོད་ཐོད་དུ་བཞུགས་ནས་གདའ་སྐད། དེ་དུས་གསང་ཕུ་ནས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་ར་སྒྲེང་དུ་བྱོན། ཁོང་དང་ཆོས་ཀྱི་གསུང་གླེང་ཁོ་ཐག་ཆོད་པ་ཅིག་བྱ་སྙམ་ནས་བྱོན་པ་དང༌། རྣལ་འབྱོར་པ་མི་བཞུགས་པར་གདའ་སྐད། གར་བཞུད་བྱས་པས། ཤུག་གསེབ་ཀྱི་ཕ་གི་ཡིན་ཟེར་བས། དེར་བྱོན་ཏེ་གསང་ཕུ་བ་དགེ་སློང་ཡིན། ཁྲི་མཆོག་དགེ་བསྙེན་ཡིན་པས་གསང་ཕུ་བ་ལ་ཚུར་ཕྱག་གསུམ་མཛད་ནས། ཁོ་བོ་ལ་མིའི་ཏིག་པོ་ཙམ་མི་བདོག་གསུངས་ནས། ཤུག་གསེབ་ན་ཕར་གཤེགས་པར་མཛད། གསང་ཕུ་བའི་ཞལ་ནས། དེ་ལས་ཡི་མུག་པ་དང༌། དེ་ལས་ཁོ་ཐག་མ་ཆོད་པ་ཅིག་མ་བྱུང་གསུང༌། ཁོང་འཇིག་རྟེན་གྱི་རྣམ་པར་རྟོག་པ་ལ་མཚམས་པོ་ཆེ་པད་ཀྱིས་བཅད་ནས་བཞུགས་པ་ཡིན་ཏེ། འཇིག་རྟེན་བློས་བཏང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཇོ་བོའི་ཐུགས་དགོངས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་མཛད། ལན་ཅིག་ཡུལ་ནས་གསེར་ཞོ་ཁ་ཡར་ཞིག་བྱུང་བ་ན། གསེར་གྱི་ཐུམ་པོ་རྣམས་བཀྲོལ་ནས་ཕྱག་གི་མཐིལ་དུ་བླུགས། ཀ་གཉིས་མའི་མདུན་དུ་བྱོན་ནས། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གསུང་ཞིང་རྟེན་གྱི་གསེབ་ཏུ་གཏོར་ཏེ་བཏང༌། རྭའི་ཟེའུ་ཆུང་ཆུང་ཞིག་ལ་སྐོར་བ་མཛད་པ་ལ། མྱ་ངན་འདས་རྟིང་བལྟས་པས། ནང་ན་ཇོ་བོའི་ན་བཟའ་བྲུལ་པ་ཅིག་སྣང༌། གཞན་རྟེན་གྱི་དངོས་པོ་ཅི་ཡང་མི་འདུག དགོན་པ་བའི་ཞལ་ནས། ཝ། ར་སྒྲེང་བའི་མཐའ་འདི་ལྟར་སོང་བ་གསུང༌། དེ་ཅི་ནོངས་ཞུས་པས། ངས་ཇོ་བོའི་ཐུགས་དམ་གྱི་ལྷ་བཞེངས། རྣལ་འབྱོར་པས་མདོ་མང་བྲིས། སྟོན་པ་འདས།ཁྲི་མཆོག་ཡོད་ནའང་འདི་ལྟར་མི་འགྲོ་བ་ལ་གསུང༌། ཁྲི་མཆོག་གིས་ཅི་ཕན་ཞུས་པས། དེ་འཇིགས་ནས་བྱེད་མི་ཕོད་གསུང༌། ཤ་ར་བའི་ཞལ་ནས། ད་ལྟའི་བཀའ་གདམས་པའི་སྲོལ་གང་ཡིན་ཆ་མེད། སྔོན་དགེ་བཤེས་སྟོན་པ་དང༌། ཁྲི་མཆོག་དང༌། རྣལ་འབྱོར་པ་རྣམས་ཀྱིས་སྐྱེ་སའི་ཡུལ་སྤངས་ཏེ་ཉེ་དུ་འབྲེལ་པ་ལ་ཤི་བ་ལྟར་བྱས་ནས་ཆོས་ལ་ནན་ཏན་ཆེར་བྱེད་པ་ཡིན་གསུང༌། དགེ་བཤེས་གྲོ་ལུང་པའི་ཞལ་ནས། རྣལ་འབྱོར་པ་ཕྱག་ཁྲི་མཆོག་ཆོས་གྲྭའི་སློབ་དཔོན་སྤྱོད་པ་གཞན་གྱི་སེམས་ཤེས་པ་མངའ་བ་ཇོ་བོ་རྗེ་གཤེགས་ཁར་ཐ་མལ་པའི་རྟོག་པ་མ་རྒྱུ་བར་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག སྟོན་པ་དང་མ་བྲལ་བར་གྱིས་ཤིག་ཅེས་གདམས་པ་དང༌། ལྷག་པར་དགོངས་པ་ལོ་བཞིར་ཐ་མལ་པའི་རྟོག་པ་མ་ཤོར་བར་གྲགས་པ་སྟེ། རྙེད་པ་ནི་འཕྲལ་འཚོ་ཙམ་ལས་མེད།མགྲོན་གྱི་སྣེ་ལེན་ལ་སོགས་པ་ཚུལ་བཞིན་མཛད་པ་ན། ཉེ་གནས་སྐྱོ་ནས་འདི་ལྟ་བུ་མི་འགྲུབ་ཅེས་ཞུས་པ་དང༌། བཀྱོན་ཏེ། གཅིག་པུར་འདུག་པ་ཏ་སོ་གསོད་དེ་ཆིག་སྐྱ་མི་ཐུབ་པས་དགེ་བཤེས་སྟོན་པ་ལ་བརྟེན་པ་ཡིན་གསུང་ངོ༌། །དེ་ལྟར་ཐ་མལ་གྱི་རྣམ་པར་རྟོག་པའི་རྒྱུ་བ་བཅད་དེ་དགུང་ལོ་ཞེ་གཉིས་འགྲོ་བའི་ཚེ་ར་སྒྲེང་དུ་སྐུའི་བཀོད་པ་བསྡུས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། །ལྷོ་བྲག་པ་དགེ་བ་སྐྱོང་གི་རྣམ་ཐར་རྙེད་ན་འདིར་འཇུག་ཁམས་པ་སྐུ་མཆེད་བཞི་ནི། ནོལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན། དགོན་པ་བ་དབང་ཕྱུག་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ་རྣམས་སོ། །དེ་ལ་རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་ནི། མདོ་ཁམས་སྨད་དུ་ཤིང་མོ་ཡོས་ལ་སྐུ་འཁྲུངས།སྐུ་གཞོན་ནུ་ནས་རབ་ཏུ་བྱུང་སྟེ་ཇོ་བོ་རྗེ་བོད་དུ་འབྱོན་པའི་སྙན་པ་གསན་ནས་མཇལ་བར་འདོད་དེ་བྱོན་པས་གཙང་གི་ཉན་ཚོར་ཇོ་བོ་དང་མཇལ།ཇོ་བོས་སྔོན་གྱི་འབྲེལ་པ་དང་ཆོས་ཀྱི་བག་ཆགས་ཡོད་པར་མཁྱེན་ནས་མཇལ་མ་ཐག་ཏུ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལུང་དང༌། འདུ་ཤེས་བསྐྱེད་པའི་ཆོས་བཅུ་བྱ་བའི་གདམས་ངག་གནང༌། རྒྱུན་གྱི་ཞབས་ཏོག་པ་ཉེ་གནས་མཛད་ཅིང༌། རྒྱ་གར་དུ་ཇོ་བོའི་བླ་མ་རྣམས་ལ་འབུལ་སྐྱེལ་དང༌། རྡོ་རྗེ་གདན་གྱི་མཆོད་པ་སོགས་བྱ་བར་ལན་གསུམ་བྱོན། ལན་ཅིག་དབུས་སུ་ཉང་པོའི་གྲུ་ལ་ཇོ་བོའི་ཕྱག་ཕྱི་མཛད་ཅིང་ཕེབས་དུས་ཇོ་བོ་ལ་གྲུ་གླ་ཅི་སྦྱིན་ཞུས་པས་ཇོ་བོས་ཕྱག་རྒྱ་ཞིག་མཛད་པས་དེ་གོ་ནས་ཀ་ར་བམ་པོ་ལྔ་བྱིན་པས་ཇོ་བོ་དགྱེས་ཏེ་ངས་རྐང་མགྱོགས་བསྒྲུབས་ནས་འཛམ་བུའི་གླིང་ལན་གསུམ་སྐོར་ཡང་ཁྱོད་འདྲ་པའི་སློབ་མ་མི་རྙེད་གསུང༌།   ཇོ་བོ་སྙེ་ཐང་དུ་བཞུགས་དུས་རྣལ་འབྱོར་པའི་ཐུགས་དགོངས་ལ་ཉིན་མཚན་དང་སྟོན་དཔྱིད་མེད་པར་བླ་མའི་ཞབས་ཏོག་བྱེད་བྱེད་ནས་བསྒོམ་བྱ་རྒྱུ་མ་བྱུང་བས་ང་བསོད་ནམས་ཆུང་སྙམ་པའི་བློ་ཞིག་སྐྱེས་པ་ཇོ་བོས་མཁྱེན་ནས་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུངས། དེའི་གནད་ཀས་དགེ་བཤེས་རྣལ་འབྱོར་པ་ལས་རྟོགས་པ་མཐོ་ལ་སྒོམ་བཟང་བ་མ་བྱུང་བ་ཡིན། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་བཟླས་པ་སྟོང་ཕྲག་བརྒྱད་ཐོན་ཙ་ན་ཞལ་གཟིགས། ལས་སྣ་ཚོགས་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་རྒྱལ་པོ་དང་འཇལ་དཔལ་བགྲོ་བ་མཛད་པའི་ཞལ་གཟིགས། ཇོ་བོ་མྱ་ངན་ལས་འདས་ནས་ཞལ་འཆེམས་བཞིན་དགེ་བཤེས་སྟོན་པའི་ཕྱག་ཕྱིར་བྱོན་ནས་ར་སྒྲེང་དུ་བཞུགས། དགེ་བཤེས་སྟོན་པ་ཞི་བར་གཤེགས་རྗེས་ར་སྒྲེང་གི་གདན་ས་ལོ་བཅུ་གསུམ་མཛད། ར་སྒྲེང་གི་ཁྱམས་སྨད་ལ་སོགས་པ་མཛད་པ་ལྷག་མ་རྣམས་བསྒྲུབས་ཤིང་ཚོགས་པ་བསྐྱངས་པས་འཕྲིན་ལས་ཤིན་ཏུ་ཆེ་བ་བྱུང༌། བུ་སློབ་ཆེ་བ་མང་ར་བ་བྱང་ཚུལ། སྟོད་ལུང་བ་ཆེན་པོ། ལྷག་མི། གཡག་རུམ། སྨྱུག་རུམ་པ་ཆེན་པོ་རྣམས་དང༌། བཀའ་གདམས་སྐུ་མཆེད་གསུམ་གྱིས་ཀྱང་འདིའི་ཞབས་ལ་གཏུགས་པར་སྣང་ངོ༌། །བདག་ཉིད་ཆེན་པོ་འདི་ནི་མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པ་མངའ་བ་ཞིག་སྟེ། འབྲོམ་རིན་པོ་ཆེ་སྐུ་སྙུན་པའི་སྐབས་ཤིག་རྫུ་འཕྲུལ་གྱིས་རྩིགས་པ་ལའང་ཐོགས་པ་མེད་པར་བྱོན་ནས་སྙུན་དྲིས་པའི.གཏམ་རྒྱུད་ཀྱང་ཡོད་ཅིང༌། རྫོགས་རིམ་གྱི་རླུང་མཉམ་འཇུག་གི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པ་ཞིག་ཡིན་པར་གསུངས། དགུང་ལོ་དྲུག་ཅུ་རེ་གསུམ་པ་མེ་མོ་སྦྲུལ་གྱི་ལོའི་རྒྱལ་ཟླའི་ཡར་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དང་བཅས་དགའ་ལྡན་དུ་གཤེགས་སོ། །དགོན་པ་བ་ཆེན་པོའི་རྣམ་ཐར་ནི་འོག་ཏུ་འཆད་དོ། །རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་ནི། ཇོ་བོའི་གདམས་པ་མང་དུ་མངའ་ཞིང་ཁྱད་པར་གྲུབ་མཐའ་ལ་རྩལ་ཐོན། ཐུགས་དམ་ཡི་གེ་དྲུག་པའི་ཞལ་གཟིགས། ཇོ་བོ་ལོ་གསུམ་དུ་བསྟེན་པར་གྲགས། ལན་ཅིག་གི་ཚེ་མ་ཎི་བཟླས་པས་ཞལ་ནས་འོད་ཟེར་ཤྭ་ཤཱ་འོང་བ་ལ་རྣལ་འབྱོར་པ་ཆེན་པོའི་ཞལ་ནས། སྒོམ་ཆེན་འདི་ཁོ་ན་རེ་སྐྱིད། བྱང་ཆུབ་ཀྱི་ཐུགས་མངའ་བ་གསུང༌། ཇོ་བོ་གཤེགས་ནས་གསང་ཕུར་བཞུགས་ཏེ་ཐུགས་དམ་ཆིག་ཆོད་དུ་མཛད།ཁོང་དང་རྣལ་འབྱོར་པ་ཁྲི་མཆོག་གཉིས་ཐུགས་གཅུགས་པས་གསང་ཕུ་དང་ར་སྒྲེང་གཉིས་ལ་ཡར་སྙེགས་མར་སྙེགས་བྱེད་པ་ལ་དྲོ་ཟན་འཁྱེར་མི་དགོས་གསུངས་ཏེ། རྐང་མགྱོགས་ཀྱི་རྫུ་འཕྲུལ་ཐོབ་པར་གྲགས།དགེ་བཤེས་སྤྱན་སྔའི་བླ་མ་ཡིན་པས་སློབ་དཔོན་སྒོམ་ཆེན་ཞེས་འབོད།   གསང་ཕུར་སྐུ་གཤེགས་པས་གདུང་བཞུགས་པའི་ས་འབུམ་ཆུང་ངུ་ཞིག་གསང་ཕུའི་སྐོར་ལམ་ནུབ་ཕྱོགས་ན་ད་ལྟའང་བཞུགས་སོ། འདི་ལ་གོང་མ་རྣམས་གསང་ཕུར་སྐུ་ཡལ་ཞེས་བསྔགས་པ་ཆེ་བར་མཛད་དོ། །ཕྱག་ངར་སྟོན་པ་ནི།སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང༌། ཁྱད་པར་ཕ་རོལ་ཏུ་ཕྱིན་པ་ལ་རྩལ་ཐོན། ཇོ་བོས་ཕྱག་དར་ལ་ལོགས་སུ་བླ་མའི་མན་ངག་བྱ་བ་གསང་བས་འགྲུབ་པ་ཡིན་ཏེ། བསྟན་པ་ཉམས་དམའ་བའི་དུས་སུ་བཟློ་དགོས། ཁྱོད་ཤེས་རབ་ཤིན་ཏུ་ཆེ་བས་ཇི་སྐད་བཤད་པ་བཞིན་དུ་གོ། ངས་ཇི་སྐད་ཟེར་བ་བཞིན་དུ་བྱེད། གཞན་རྣམས་ཀྱིས་བསྟན་ཀྱང་མ་གོ་བས་དེ་མིན་ཞིག་ལོགས་ན་ཡོད་སྙམ་ནས་འོང༌། ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས། ཡང་དགེ་བཤེས་ཕྱག་དར་ལ་སོགས་པ་བོད་སྟོན་ཁ་ཅིག་གིས། ཇོ་བོའི་སྐུ་སྐྱེ་སྔ་མ་ཇི་ལྟར་བཞེས་པ་དང༌། ཕྱི་མ་གང་དུ་འཁྲུང་པ་དང༌། འཚང་ཇི་ལྟར་རྒྱ་བའི་ལོ་རྒྱུས་ཤིག་ཡི་གེར་འདྲི་བར་ཞུས་པས། ཇོ་བོའི་ཞལ་ནས།   ཁྱོད་ཀྱིས་གཙུག་ཏོར་འདོན་མ་མྱོང་ངམ་གསུངས། མྱོང་ལགས་ཞུས་པས། གཙུག་ཏོར་ནས། བཅད་དོ། །ཕུར་བུས་གདབ་བོ། །བྱ་བ་བགེགས་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་བཞིན་དུ་བཀའ་དང་བླ་མའི་མན་ངག་ལ་ཚིག་གི་ཕུར་བུསབཏབ་པས་བྱིན་རླབས་ཉམས་འགྲོ་བ་ཡིན། དེ་བས་ན་ཚིག་ཟིན་པ་དང་དོན་གོ་བར་བྱ་ཡིས། ཡི་གེར་འདྲི་བའི་འོས་མ་ཡིན་གསུང༌། ཕྱག་དར་སྟོན་པ་ལ་ནན་ཏན་དུ་མཛད་ནས་ཡོན་ཏན་གསང་བས་འགྲུབ་པ་ཡིན་ནོ་གསུང༌། སྙེ་ཐང་དུ་ཇོ་བོས་བོད་སྟོན་རྣམས་ལ་ཕར་ཕྱིན་ཐོག་མར་པཎྜི་ཏའི་བཤད་ལུགས་དང་། དེ་ནས་ཇོ་བོ་ཉིད་ཀྱི་བཞེད་པ་རྟོན་པ་བཞིའི་སྒོ་ནས་ཁྲིད་ཚུལ་གསུངས་པ་ལ་འདིས་ཟིན་བྲིས་མཛད་པའི་ཕར་ཕྱིན་ཁོམས་ལུགས་མར་གྲགས་པའང་སྣང་སྟེ། སྔོན་གཙིགས་ཆེ་བར་བྱུང་འདུག་གོ། །ཇོ་བོ་གཤེགས་ནས་ར་སྒྲེང་དུ་བྱོན། སྟོན་པའི་སློབ་མ་མཛད། སྐུ་མཆེད་གསུམ་གྱིའང་སློབ་དཔོན་དུ་སྣང་ཞིང༌། ཕྱིས་ཁམས་སུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅེས་གྲགས་སོ། །དབུས་ཀྱི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ནང་ནས་དགེ་བཤེས་ཁུ་སྟོན་ནི་ཡུལ་ཡར་ཀླུངས། མཚན་བརྩོན་འགྲུས་གཡུང་དྲུང༌། ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག ཁོང་དང་རྔོག་ལེགས་པའི་ཤེས་རབ་བང་སྟོན་གསུམ་གྱིས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་གསན། གར་མི་ཡོན་ཏན་གཡུང་དྲུང་ལ་མངོན་པ་བསླབས་ཏེ་མཁས་པར་མཁྱེན། ཀླུ་མེས་ཐམས་ཅད་ཀྱི་གནས་བརྟན་མཛད། དེའི་དུས་སུ་ཁོང་ལས་མི་ཆེ་བ་མེད་པ་ཡིན་པ་ལ། དགེ་བཤེས་སྟོན་པས་དབུས་ཀྱི་མི་ཚན་རྣམས་ལ་གནང་བའི་བཀའ་ཤོག་ན་ཁུའི་མཚན་མ་ཆུད་པས། ཐུགས་རྒྱལ་སྐྱེས་ཏེ་ཇོ་བོ་ང་རང་གིས་ཐོབ་པ་ཅིག་བྱའོ་སྙམ་ནས་སྔོན་ལ་ལྕག་བཏབ་སྟེ་བྱོན་པས། གཞན་རྣམས་ཀྱིའང་བསྐུལ་མར་གྱུར་ཏེ། ཞང་རོམ་གྱི་ཞལ་ནས། དུས་ཚུང་པ་དེ་གོ་བཅད་གསུང་སྟེ། དེ་ཡང་དགེ་བཤེས་སྟོན་པ་དཀྱེལ་ཆེ་བའི་ཡོན་ཏན་ཡིན། དགེ་བཤེས་དེས་ཇོ་བོ་ཡུན་དུ་བསྟེན་ནས་གདམས་པ་མང་དུ་གསན། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང༌། གཤིན་རྗེའི་མན་ངག་ལ་རྩལ་ཐོན། ཐང་པོ་ཆེར་སྤྱན་དྲངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར།སྙེ་ཐང་དུ་ཁུས་ཕར་ཕྱིན་བཤད་པས་ཆོས་ཉན་སྟོང་ཙམ་འདུས་པ་བྱུང༌། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ཤིང་མོ་ཡོས་ལ་གཤེགས་སོ། །རྔོག་ལེགས་པའི་ཤེས་རབ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། རྔོག་ཆེན་པོ་བྱ་བ་བྱུང་སྟེ། བཙན་པོས་རྒྱ་ཡུལ་དུ་དམག་དྲངས་པའི་ཚེ་རྒྱལ་པོ་རི་དེའུ་ཞིག་གི་ཁར་བཞུགས། དམག་རྣམས་ཡུལ་འཇོམས་སུ་བཏང་བ་ན།རྒྱལ་པོའི་སྐུ་ལ་བསྡོ་བའི་སྐྱེན་པོ་འགའ་ཞིག་བྱུང་བ་ན། བློན་པོ་རྔོག་གིས་འགའ་ཞིག་བསད། འགའ་ཞིག་ནི་ཕྱིར་བྲོས། དེ་ནས་རྒྱ་ཞོ་ཧབ་ཀྱིས་བཏབ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号