ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
རྒྱ་ཕྲུག་བྲག་ལ་བརྡབས་ཟེར་བ་དེའི་རྒྱུད་པ་ཡིན་ཏེ། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ་སྲས་ལྔ་བྱུང་བའི་ཆེ་བ་ལེགས་པའི་ཤེས་རབ། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང༌། བཞི་པ་ཆོས་སྐྱབས།   ལྔ་པ་ཐུབ་པ་རྣམས་ལས་ཆེ་བ་ལེགས་པའི་ཤེས་རབ་ཀྱིས་འབྲིང་ཡེ་ཤེས་ཡོན་ཏན་ལ་རབ་ཏུ་བྱུང༌། ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་ལ་སྡེ་སྣོད་རྣམས་གསན་པས་མཁས་པར་མཁྱེན་ཏེ་སྟོན་པ་བཞུད་པའི་ཕྱི་ལོ་བྱི་བའི་ལོ་ལ་དབུས་སུ་ཕེབས། བཤད་པའི་གྲྭ་བཙུག་ནས་སློབ་མ་ཡང་མང་དུ་བྱུང༌། དེ་ནས་དབུས་གཙང་གི་མི་ཆེན་རྣམས་དང་ལྷན་དུ་མང་ཡུལ་དུ་ཇོ་བོ་དང་མཇལ། ཆོས་མང་དུ་གསན། ཐུགས་རྒྱུད་ཤིན་ཏུ་བཟང་བས་ཇོ་བོའི་སློབ་མ་སུ་དང་ཡང་མི་མཐུན་པ་མེད།  ལྷ་སར་ཇོ་བོ་དཔོན་གཡོག་སྤྱན་དྲངས་ནས་ཞབས་ཏོག་རྒྱ་ཆེར་མཛད། རྔོག་གིས་དབུ་མཛད་པའི་བོད་སྟོན་ཁ་ཅིག་ལ་དབང་བསྐུར་བའི་ཆོ་ག་རྒྱས་པར་གནང༌། རྟོག་གེ་འབར་བ་བསྒྱུར་བའི་ཞུ་བ་ཕུལ། ཇོ་བོས་གནང་ནས་ནག་ཚོས་ཚང་བར་བསྒྱུར། དེའི་ཞར་ལ་དབུ་མའི་མན་ངག་ཀྱང་མཛད། རྣལ་འབྱོར་པ་ལ་གཟིགས་སུ་ཕུལ་བས་ངེད་ལ་ལྐོག་ཏུ་ཇི་ལྟར་ཁྲིད་པ་བཞིན་དུ་བྲིས་འདུག ཅུང་ཡང་ཟབ་དྲགས་གསུང༌། དེ་ལོ་ཙཱ་བས་བསྒྱུར། དེའི་ཞབས་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་ཏུ།   །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །ཤཱཀྱའི་དགེ་སློང་རྔོག་བཙུན་ལེགས་ཤེ་ཡིས། །གསོལ་བ་བཏྲུབ་ནས་ཡི་གེར་བཀོད་པ་ཡིན། །བྱ་བ་དེ་ཇོ་བོའི་གསུང་ཡིན།མཚན་ནི་མར་མེ་མཛད་ཅེས་གྲགས་པ་ཡི།    །མཁས་པ་འདི་ཡི་གཞུང་ལུགས་སུ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས།   །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སྨྲ། ཞེས་གསུངས། དགེ་བཤེས་གསང་ཕུ་བ་དེས་ཇོ་བོ་ལོ་བཅུ་བསྟེན་ཅིང༌། ལམ་རིམ་ཤླཽ་ཀ་དྲུག་དང་དེའི་གསལ་བྱེད་མཛད། སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཀྱང་དབུ་མའི་ལྟ་བ་ལ་རྩལ་ཐོན།རྗེ་བཙུན་མ་སྒྲོལ་མའི་ཞལ་གཟིགས། ལན་ཅིག་ཇོ་བོའི་ཕྱག་ཕྱིར་བྱོན་པས་གསང་ཕུ་ལ་ཕྱག་མཛུབ་བཙུགས་ཏེ་ལུང་པ་ཡ་གིའི་ནང་ན་དུང་གཡས་སུ་འཁྱིལ་བ་འདྲ་བ་ཡོད། ལེགས་ཤེ་ཁྱོད་ཀྱིས་དེར་གཙུག་ལག་ཁང་ཐོབ་ལ་བཤད་ཉན་གྱིས་དང་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་འབྱུང་ཞེས་ལུང་བསྟན་པ་བཞིན་གསང་ཕུ་ནེའུ་ཐོག་ཏུ་གཙུག་ལག་ཁང་བཏབ་བཤད་ཉན་མཛད་པས་ཚོགས་པ་ལྔ་བརྒྱ་ཙམ་འདུས། དགེ་བཤེས་དེས་སྤྱིར་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང༌། ལྷག་པར་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་རིན་པོ་ཆེ་དང་ཐིག་ལེ་བཅུ་དྲུག་གི་མན་ངག་རྣམས་བཤེས་གཉེན་ཆེན་པོ་འདིའི་བཀའ་དྲིན་ལས་བྱུང་བས་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ། །གསང་ཕུ་བ་ཆེན་པོ་དེའི་དབོན་པོ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ནི། ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན། ཁུ་བོ་དང་གཟུས་ཀྱི་སློབ་མ་སྤོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལ་བརྟེན་ནས་རབ་ཏུ་བྱུང་སྟེ་དེ་གཉིས་ལ་གསན་པ་མང་དུ་མཛད་པས་ཁོང་གི་ཤེས་རབ་ལ་ཁུ་བོ་མཉེས་ནས། ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་བོ་ཚོས་བརྩོན། རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས་མེ་ཕོ་འབྲུག་ལོའི་ཆོས་འཁོར་མཛད་པ་དང་ཐུག རྩེ་ལྡེའི་སྲས་པོ་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱ་བར་ཆད་ནས་ཁ་ཆེར་བྱོན། པཎྜི་ཏ་སཛྫ་ན་དང་པ་ར་ཧི་ཏ་བྷ་དྲ་ལ་སོགས་པ་དྲུག་ཙམ་བསྟེན། བར་དུ་རྒྱགས་ཆད་ནས་ཁ་ཆེ་ནས་གསེར་སློང་བྱ་བའི་ཡི་གེ་མངའ་རིས་སུ་བཏང་བ་ལས་དབང་ལྡེས་གསེར་མང་པོ་ཡང་བསྐུར། ཚད་མ་རྒྱན་སྒྱུར་ཅིག་བྱ་བའི་ཞུ་བ་བྱུང་བས། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། རྔོག་གིས་བསྒྱུར། དེར་ཁ་ཆེར་ལོ་བཅུ་བདུན་ཡང་དག་པར་སྦྱངས་སླར་བོད་དུ་བྱོན། བོད་དུ་ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། སུ་མ་ཏི་ཀྰིརྟི་གཉིས་ལ་ཆོས་གསན་ཞིང་བལ་པོར་ཡང་ཡུད་ཅིག་བྱོན་ནས་ཨ་རུ་ལ་བཛྲ་དང༌། བ་རེནྯ་རུ་ཅི་ལ་སོགས་པ་ལ་སྔགས་ཀྱི་གསན་པ་ཡང་མཛད། སླར་བོད་དུ་ཕེབས་འགྱུར་མང་པོ་མཛད་པ་མང་དག་ཅིང་ཤིན་ཏུ་འགྱུར་བཟང༌། འགྱུར་མཛད་པའི་ཆེད་ནི།གྲོ་ལུང་པས། དམ་ཆོས་སྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་འབྱུང་བ་དེའོ། །ལྷ་ས་དང༌། བསམ་ཡས་དང༌། གཉལ་སྒང་ཐོག་དང༌། གཙང་རྒྱང་མཁར་དང༌། ངན་ལམ་གྱི་མྱུ་གུ་སྣ་ལ་སོགས་པར་བཤད་པ་མཛད་པའི་ཚེ། མཁས་བཙུན་གྲྭ་པ་རིམ་པ་བཞིན་དུ་ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ།བསམ་ཡས་དང་སྒང་ཐོག་གཉིས་སུ་སྟོང་ཚོ་བཅུ་གསུམ་རེ་དང༌། རྒྱང་མཁར་དུ་ཁྲི་ཚོ་གཉིས། ངན་ལམ་དུ་དགེ་བཤེས་ཁྲི་ཚོ་གཅིག་དང༌། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས་ཏེ་ཁྲི་ཚོ་གསུམ་འཚོགས་སོ།  །ཟུར་ཆོས་པའི་གྲངས་ཀྱང༌། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་རྩ་ལྔ། ལུང་ཆོས་སྨྲ་བ་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་བྱུང༌། ཚད་མ་དང་བྱམས་ཆོས་དང༌། དབུ་མ་ལ་སོགས་པའི་རྣམ་པར་བཤད་པ་མང་དུ་མཛད།   ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཐམས་ཅད་རྫོགས་པར་སྤྱོད་པའི་སེམས་དཔའ་ཆེན་པོ་དེ་ནི་དབུས་གཙང་དུ་ལོ་བཅུ་བདུན་འགྲོ་དོན་མཛད་དེ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པའི་ཚེ། བསམ་ཡས་མ་རིའི་དྲུང་དུ་ཞིང་བརྗེས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱུང་གནས་ནི། གཞོན་ནུའི་དུས་ན་ཇོ་བོ་ཡབ་སྲས་ཀྱི་ཞབས་ལ་གཏུགས་སྣང་སྟེ་ཁོང་རང་གི་བསྟན་རིམ་ལས། བདག་གིས་ཇོ་བོ་རྗེ་ལ་ཆོས་ལན་ཅིག་འཁུམས་པ་ན། འཕགས་པ་རྟག་ཏུ་ངུའི་བརྩོན་འགྲུས་ལྟ་བུ་བྱའོ་ཞེས་གསུང་ལ། དགེ་བཤེས་པའང་མདོར་ན་གཞན་ཅི་ཡང་མི་བསམ་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱའོ་ཞེས་གསུང༌། ཡང་སྐྱབས་འགྲོའི་སྐབས་སུ། འདི་ལ་བདག་གི་བླ་མ་ནི་མཆོད་པ་དང་བཅས་པའི་མཎྜལ་གསུམ་བྱེད་དུ་བཅུག་སྟེ། ཞེས་གསུངས་པའི་དགེ་བཤེས་དང་བླ་མ་ནི་འབྲོམ་ཉིད་ཡིན་པར་གནའ་མཆན་གྱིས་བཤད་སྣང་ངོ༌། །སྤྱན་སྔ་ལ་ནི་རྡོ་རྗེ་ནམ་མཁའི་གོས་ཅན་མ་གསན་ཞིང༌། ཁམ་པ་ལུང་པ་དང༌། པོ་ཏོ་བ་ལ་ཡང་ཆོས་གསན་ཞིང་སློབ་དཔོན་ཞེས་འབོད་པ་མཛད། གཞན་ཡང་ཇོ་བོ་ནས་བརྒྱུད་པའི་ཆོས་དང༌། གཞན་མདོ་སྔགས་ཀྱི་གཞུང་ཕལ་ཆེ་བ་རྔོག་ཁུ་དབོན་གཉིས་ལ་གསན་ཏི་སྦྱངས་པས། སྔགས་མཚན་ཉིད་ལ་ཤིན་ཏུ་མཁས་ཤིང་བརྒྱད་སྟོང་པའི་འགྲེལ་པ་དང༌། བྱམས་ཆོས་སྡེ་ལྔའི་འགྲེལ་པ་སོགས་ཡིག་ཆའང་མང་དུ་མཛད། ཁྱད་པར་དུ་བསྟན་པའི་རིམ་པ་ཆེ་ཆུང་གཉིས་དང༌། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་གྱི་ཁོག་འཆིང་བའི་ཊྰིཀྐ་བསྡུས་པ་ཅིག་ཀྱང་མཛད་དོ། །སྐུ་ཚེའི་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས་སེ་བྱུང་བས། གུན་པ་ལྷ་རྗེས་ཛམྦྷ་ལ་དཀར་པོའི་སྒྲུབ་སྐོར་བྱིན་པས་ལན་ཅིག་གྲོ་ལུང་པའི་དཀར་ཡོལ་གྱི་ནང་དུ་ཛམྦྷ་ལ་གཙོ་འཁོར་ལྔ་དངོས་སུ་བྱོན་པ་མི་གཞན་གྱི་མཐོང་གི་དོགས་ནས་ཕྱག་གིས་སྐྱོར་པས། གུན་པའི་ཞལ་ནས་དེ་ཙུག་མཛད་མི་དགོས་གཞན་གྱི་མཐོང་དོགས་མེད་གསུང༌། དེ་ནས་བརྩམས་ཏེ་གྲོ་ལུང་པ་ལ་གྲྭ་ཚོགས་མང་དུ་འདུས། སྐུ་བསོད་སྐྱེས་ཏེ་བྲིན་ལྷས་ཀྱི་གཙུག་ལག་ཁང་བཏབ། དེར་རྔོག་ལོའི་ཆོས་ཁྲི་སྙིང་བོར་གྱུར་པའི་མཆོད་རྟེན་བརྩིགས། དེའི་བུམ་པར་ཟངས་ཆེན་སྟོང་པ་ཅིག་གི་ཁར་ཙན་དན་གྱི་དྲ་བས་བཀབ། དེའི་སྟེང་དུ་རྔོག་ལོའི་ཐུགས་ཟ་མ་ཏོག་ཏུ་བཞུགས། ཟངས་དེའི་ཁར་ལྷོ་ཕྱོགས་ཀྱི་བུ་ག་ནས་ཤིང་གི་ཝ་གཏད་ནས་བཞག ཕྱིས་གྲོ་ལུང་པ་དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་དུས་ངའི་རིང་་བསྲེལ་གང་བྱུང་མ་ཟགས་པར་མཆོད་རྟེན་གྱི་ལྷོའི་བུ་ག་ལ་སྐྱུར་ཅིག་ཅེས་ཞལ་ཆེམས་བཞག་གོ། །སྐུ་གདུང་བཞུ་དུས་ཕྱག་རིན་ཚུལ་གྱི་པང་དུ་ཕྱག་གཡས་པ་དང༌། ཟམ་ཁ་པའི་པང་དུ་ཐུགས་སྤུར་ཁང་ནས་ཡར་ཏེ་བྱོན། དེ་ནས་ཞལ་ཆེམས་བཞིན་རིང་བསྲེལ་རྣམས་མཆོད་རྟེན་གྱི་བུ་གར་བསྐྱུར་བས་ཟངས་གང་བ་དང་འགྲིག་པ་ཞིག་གྲགས་སོ། །བདག་ཉིད་ཆེན་པོ་འདིས་མཛད་པའི་བསྟན་རིམ་ཆེན་མོ་ནི་བྱང་ཆུབ་ལམ་གྱི་སྒྲོན་མའི་དགོངས་པ་འགྲེལ་བ་ལ་ཟླ་དང་བྲལ་བ་ཞིག་སྟེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཀྱང་གྲོ་ལུང་པ་ཆེན་པོའི་བསྟན་རིམ་འདི་དང་མཇལ་བའི་ཚེ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུ་བ་མཛད་ཅིང༌། སྐྱེས་བུ་གསུམ་གྱི་ལམ་སོ་སོའི་ངོ་བོ། གྲངས་ངེས། གོ་རིམ། སོ་སོའི་དམིགས་རྣམ་ཡིད་ལ་བྱེད་ཚུལ།བསྒོམས་པ་ལས་ཉམས་མྱོང་ཇི་ལྟར་སྐྱེ་བའི་རིམ་པ་སོགས་བྱང་ཆུབ་ལམ་གྱི་རིམ་པའི་དོན་སྟོན་པ་ལ་འགྲན་ཟླ་མེད་པའི་བསྟན་བཅོས་བསྔགས་པ་མཛད། འབྲོམ་རིན་པོ་ཆེའི་རྣམ་ཐར་ནི་ད་ཉིད་དུ་འཆད་པར་འགྱུར་རོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号