ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
ཕྱག་གཉིས་མཉམ་གཞག་མཛད་དེ། སྟོང་པ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། དེ་ཡང་སྔར་སྙུན་པ་སོགས་ཀྱིས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང༌།   དེའི་ཚེ་གློ་བུར་དུ་སྐུ་ལུས་ཟླ་བ་རྒྱས་པ་ལྟར་གྱུར་ཏེ། སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་མེད་པར་བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་པོ་དང་ལྡན་ཞིང༌།    དེ་ཡང་ཁ་ཅིག་ནི་སྐུའི་འོད་དམར་སེར།ཁ་ཅིག་ནི་དཀར་སེར། ཁ་ཅིག་ནི་གསེར་བཙོ་མ་ལྟ་བུར་སྣང་ངོ༌།   །ཞེས་ཟེར་རོ།   །དེ་བས་ན་རྗེ་འདི་ནི།   དེའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་མངོན་སུམ་མཛད་དེ།   འཆི་བ་ཆོས་སྐུར་བསྒྱུར་བའི་སྒོ་ནས་བར་དོ་སྒྱུ་མའི་སྐུར་བཞེངས་ཏེ། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་མཛད་པ་ཡིན་པར་གདོན་མི་ཟ་བ་ཡིན་ནོ།   །འོ་ན་ཕྱི་མ་རྒྱ་ནག་ཏུ་སྐུ་སྐྱེ་བ་བཞེས་པར་གསུངས་པ་སོགས་ཇི་ལྟར་ཡིན་ཞེ་ན། རྗེ་རང་གི་གསུང་ནས། སྤྲུལ་པས་སྐྱེ་བ་འཛིན་པ་ཡིན་པས་མི་འགལ། གསུང་བ་ལྟར་ཡིན་ནོ།   །དུས་དེ་དག་གི་ཚེ་ནམ་མཁའ་ནི། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི།   འདི་འདྲའོ་ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ།    ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ཞིང་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ་ཞག་བཞི་བཅུ་ཞེ་ལྔ་ཙམ་གྱི་བར་དུ་བྱུང་ལ། གཞན་ཡང་ལྷ་རྣམས་ཀྱིས་མཆོད་པ་མེ་ཏོག་སྣ་ཚོགས་པ་རྣམས་ཕལ་ཆེ་པ་ཀུནྡ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བ།   ཟླ་བ་ལྟར་འཚེར་བ་ལག་མཐིལ་ཙམ་དང་ཤིང་རྟའི་འཕང་ལོ་ཙམ་དཔག་ཏུ་མེད་པ་དང༌། ཁ་དོག་ཀྱང་འགའ་ཞིག་ནི་སྔོན་པོ། འགའ་ཞིག་ནི་སེར་པོ། འགའ་ཞིག་ནི་དམར་པོ་སོགས་ཆར་ལྟར་བབས་པར་གྱུར་ཏོ། །གཞན་ཡང་སྐུའི་ཐད་དྲང་དུ་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་ཞིག་ཡུན་རིང་པོའི་བར་དུ་གནས་པར་གྱུར་ལ།   ཕལ་ཆེ་བ་ནམ་མཁའི་ལམ་ཐམས་ཅད་འཇའ་ཚོན་དཀར་པོ་བླ་བྲེ་ལྟར་བྲེས་པ་དང༌། བ་དན་ལྟར་འཕྱང་བ་དང༌།   དགོན་པའི་གཡས་གཡོན་ཐམས་ཅད་འཇའ་ཚོན་སྣ་ཚོགས་པས་ལྡ་ལྡི་ལྟར་ཁྲིག་གིས་གང་བ་ལ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང༌། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་འཁར་རྔ་སོགས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཚན་དགུང་ལ་གྲག་པ་དང༌།    ཉིན་མོ་ཡང་གཎྜི་བརྡུངས་པའི་སྒྲ་ཆེན་པོ་གྲག་སྟེ་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བརྟཊ་ཀྱང་མི་ཞིག་གིས་བརྡུངས་པ་མ་ཡིན་པར་ངེས་པ་ཙམ་དུ་ཟད་ཀྱི་གཞན་དུ་གཞན་ཇི་ལྟ་བུ་ཞིག་གིས་གནས་གང་དུ་བརྡུངས་པ་སོགས་གང་དུའང་བརྟག་པར་མི་ནུས་པར་ཡུན་རིང་དུ་སྒྲ་ཤིན་ཏུ་གྲག་པ་ཞིག་བྱུང་ངོ༌།    །མདོར་ན་བཅོམ་ལྡན་འདས་རྩྭ་མཆོག་ཏུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ།   ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་བྱུང་བར་གྱུར་ཏོ།    །དེ་ནས་སྲས་ཀྱི་ཐུ་བོ་འདུལ་འཛིན་རིན་པོ་ཆེས་གཙོ་མཛད།   དགེ་འདུན་ཕྱེད་དང་ཉིས་སྟོང་ཙམ་གྱིས་ཟླ་བ་ཕྱེད་ཙམ་གྱི་བར་དུ་གསོལ་འདེབས་གདུང་མཆོད་སྨོན་ལམ་རྒྱས་པར་མཛད་ཅིང༌། སྦྱིན་བདག་གྲྭ་བུ་སློབ་རྣམས་དང༌།    བླ་བྲང་གི་ཕྱག་རྫས་རྣམས་ཀྱིས་སྐུ་གདུང་གི་སྐུ་མདུན་དང༌། ཕྱི་ནང་གི་མཆོད་ཁང་ཐམས་ཅད་དུ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང༌། བྲང་ཁང་སོ་སོའི་ཐོག་ཁར་ཡང་མར་མེའི་ཕྲེང་བ་ལ་སོགས་པའི་མཆོད་པས་མཆོད་པར་མཛད་ཅིང་རྩེ་གཅིག་ཏུ་གསོལ་བ་འདེབས་པར་མཛད་དོ།   །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེས་དགོངས་པ་ཡོངས་སུ་རྫོགས་པར་མཛད་ནས།    ལུག་གི་ལོ་གསར་མ་ཐག་མཁྱེན་པའི་མངའ་བདག་རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས་གངས་ཅན་ནས་སྤྱན་དྲངས། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་བསུ་བ་མཛད་དེ།     བདག་ཉིད་ཆེན་པོའི་སེངྒེའི་ཁྲི་ལ་བཞུགས་སུ་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར།    འདུལ་འཛིན་སེམས་དཔའ་ཆེན་པོས་མེ་ཏོག་གཏོར་ཏེ་ཤིས་པ་བརྗོད་པར་མཛད་དོ།  །རྗེ་འདིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས་རྒྱུད་འཛིན་མཐའ་ཡས་པ་བྱུང་ཞིང་འཕྲིན་ལས་རྒྱ་ཆེར་སྤེལ་བའི་བསྟན་འཛིན་དམ་པ་འདུལ་འཛིན་བློ་གྲོས་སྦས་པ།   བྱང་སེམས་འདུལ་ནག་པ་དཔལ་ལྡན་བཟང་པོ། པཎ་ཆེན་བཟང་པོ་བཀྲ་ཤིས། །པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ།   ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌།    མཁས་གྲུབ་ནོར་བཟང་རྒྱ་མཚོ། གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས།   ལས་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་དགའ་བའི་བློ་གྲོས།   ཀུན་མཁྱེན་ཕྱོགས་ལྷ་འོད་ཟེར་སོགས་མང་དུ་བྱོན་པ་ལས་སྲས་ཀྱི་ཐུ་བོ་ནི་འདུལ་འཛིན་བློ་གྲོས་སྦས་པའོ།     །འདུལ་འཛིན་བློ་གྲོས་སྦས་པ་ཞེས་བྱ་བའི་བདག་ཉིད་ཆེན་པོ་འདི་ནི།གཙང་སྟོད་ཆུ་སྒོའི་གཡོ་གྲོང་ཞེས་པར་ལྕགས་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས། བྱིས་པའི་དུས་ཀྱི་ཚེ་སེམས་ཅན་ལ་སྙིང་རྗེ་བསྒོམས་ཙ་ན་མཆི་མ་རང་དབང་མེད་པར་འོང་བ་ཅིག་ཡོད་དེ། སྙིང་རྗེའི་དམིགས་རྣམ་རང་ནི་མ་ཤར་བར་འདུག་གསུང༌།   དེ་ནས་དཔལ་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་སྤྱན་སྔར་རབ་ཏུ་བྱུང༌།   མཚན་བསམ་འགྲུབ་གྲགས་པ་དཔལ་ལྡན་ཞེས་བཏགས།   ཆེན་པོ་ལོ་ཙཱ་བ་སངྒྷ་ཤྲྰིལ་སློབ་དཔོན་བཅོལ་ཏེ་སྒྲ་དང་བསྟན་བཅོས་མང་དུ་གསན་ནོ། །དེ་ནས་རྒྱལ་གྱི་རྩིབས་རི་ལ་སོགས་པའི་སྒྲུབ་གནས་མང་དུ་མཐོང་བས།   ད་ནི་སྒོམ་ཆེན་ཞིག་རང་བྱ་སྙམ་དུ་དགོངས་པ་འཁྲུངས་པས། གྲོགས་ཁམས་པ་དགེ་རྒན་ཞིག་ཡོད་པ་དེ་ན་རེ།   རེ་ཤིག་སློབ་གཉེར་བྱས། དེ་ནས་བསྒོམས་ན་ལེགས་པོ་འོང༌།   ད་ལྟ་ནས་བསྒོམས་ན་གླེན་བསྒོམ་དུ་འགྲོ་ཞེས་ཟེར་བས་སློབ་གཉེར་གྱི་འཕྲོ་བསྐྱངས། ངས་དེ་དུས་རྩིབས་རིར་སྡད་ནས་བསྒོམས་ན་སྒོམ་ཆེན་བཟང་ཟེར་བ་ཅིག་འོང་བ་ཡོད་དེ།   དབུ་མའི་ལྟ་བ་ཟབ་མོ་འདི་དང་ཨེ་འཕྲད་ནི་མི་ཤེས་གསུངས།     དེ་ནས་གྲོགས་འགའ་ཞིག་དང་བཅས་ཏེ་དབུས་ལ་ཕེབས་པའི་ཚེ། བསམ་ཡས་ཀྱི་རི་མཐོང་བའི་ལམ་ཁ་ཅིག་ཏུ་ཐུགས་དྲན་མེད་དུ་བརྒྱལ་བ་ཅིག་བྱུང་འདུག གྲོགས་མཆེད་རྣམས་ཀྱིས་ལེགས་པར་བོས། ཁོང་རང་གི་སྣང་བ་ལ་བཙུན་པ་ཅིག་དང་འགྲོགས་ཏེ་ཕྱིན།   བསམ་ཡས་ཡིན་རྒྱུའི་གཙུག་ལག་ཁང་ཞིག་གི་རྩར་སླེབ།    བཙུན་པ་དེ་དང་ལྷན་དུ་སྒོ་ལ་ཕྱིན་དུས་མི་དཀར་པོ་ཞིག་གིས་འདི་གར་འགྲོ་བ་ཡིན་ཞེས་ང་མ་གཏང༌།   དེ་དུས་མནལ་ལམ་དུ་གཞན་གྱིས་བོས་པའི་སྐད་གྲག་པས་རྐྱེན་བྱས་ཏེ་དྲན་པ་རྙེད་པར་གྱུར་ཅེས་གསུང༌།  མི་དཀར་པོ་དེ་ནི་བླ་མ་འདིའི་ལྷག་པའི་ལྷ་གཏུམ་པོ་དཀར་པོ་ཡིན་པས་དེས་བར་ཆད་བསལ་བ་ཡིན་ཞེས་གསུང༌།     དེ་ནས་ཕར་ཕྱིན་ལ་ནན་ཏན་མཛད་པས་ལོ་གསུམ་ཙམ་ལོན་ཙ་ན་ལུང་ཆོས་ལ་ཐོགས་པ་མེད་པའི་མཁྱེན་པ་ཅན་དུ་གྱུར།   དེ་ནས་ད་དབུ་ཚད་སློབ་སྙམ་དུ་སེམས་ཙ་ན། གྲོགས་པོ་ཁམས་པ་དགེ་རྒན་དེ་ན་རེ། ཁྱེད་དབུ་ཚད་སློབ་ན་དགའ་ལྡན་པ་དྲག་ཟེར།   དེས་རྐྱེན་བྱས་ནས་རི་བོ་དགའ་ལྡན་དུ་རྒྱལ་ཚབ་རིན་པོ་ཆེ་བསྟན་པའི་བདག་པོ་མཛད་པའི་སར་བྱོན།     ཆོས་རྗེ་ཤེས་རབ་སེངྒེ་དང་རྗེ་དགེ་འདུན་གྲུབ་གཉིས་དང་ཡང་དེ་དུས་མཇལ།   དེ་ནས་ཐུགས་དགོངས་ལ་ཕར་ཕྱིན་ང་རང་གི་འདི་ཀས་འོང༌།   དབུ་ཚད་གཉིས་མཁས་པར་བསླབ་སྙམ་ནས། རྒྱལ་ཚབ་རིན་པོ་ཆེའི་དྲུང་དུ་ལེགས་པར་མཉན། ཆོས་རྗེ་ཤེས་རབ་སེང་གེ་དང་རྗེ་དགེ་འདུན་གྲུབ་པ་གཉིས་ལ་ཡང་གསན་པས།   ཕར་ཕྱིན་གྱི་དེ་སྔའི་གྲུབ་མཐའ་རྣམས་ཀྱང་འགྱུར་ཏེ། རྗེ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལ་ཡིད་ཆེས་རྙེད་པ་ཅིག་བྱུང༌།ལྷག་པར་རྗེ་དང་མ་མཇལ་ཡང་རྗེ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ་ཅིག་བྱུང་སྟེ་ལས་འབྲེལ་ཞིག་ཡོད་པ་འདྲ་གསུང༌།   གྲོགས་པོ་དགེ་རྒན་དེ་ང་ལ་དྲིན་ཆེ་བ་ཅིག་བྱུང་གསུང༌། དེ་ནས་རྒྱལ་སྲས་འདུལ་བ་འཛིན་པ་འདིས་རང་ལོ་ཉི་ཤུ་རྩ་དྲུག་པ་ཤིང་མོ་སྦྲུལ་གྱི་ལོ་རྒྱལ་ཚབ་རིན་པོ་ཆེས་མཁན་པོ་དང༌།འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ལས་ཀྱི་སློབ་དཔོན།   ཤར་པ་བྱང་སེམས་རིན་རྒྱལ་བས་གསང་སྟེ་སྟོན་པ་མཛད་དེ་དགེ་འདུན་ཆོས་གསུམ་དང་ལྡན་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་མནོས།   དེ་ནས་བརྩམས་ཏེ་ལྟུང་བ་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་བསྲུང་བར་མཛད་པས་འདུལ་བ་པ་ཞེས་གྲགས།   དེ་ནས་དགོངས་པ་ལ་འདུལ་བའི་བསླབ་བྱ་ཞིག་མ་ཉན་ན་གཞན་གྱིས་དཀའ་བཅུ་པ་ཡང་འདུལ་བའི་ལག་ལེན་མི་ཤེས་པར་སྣང་སྙམ་ནས་འོང་བས་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་མཐའ་དག་ལ་འཁྲུལ་པ་མེད་པར་ལེགས་པར་ཤེས་པ་ཞིག་བྱ་སྙམ་དུ་དགོངས་ནས་འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསླབ་བྱ་ཆ་ལག་དང་བཅས་པ་གསན།   བྱང་ཆུབ་ལམ་གྱི་རིམ་པ་ཡང་ཐོག་མར་རིན་པོ་ཆེ་འདུལ་བ་པ་ལ་གསན་གསུང་སྟེ།   གཞན་ཡང་ཆོས་མང་དུ་གསན་ནོ། །དེ་ནས་རྒྱལ་སྲས་འདུལ་བ་འཛིན་པ་འདིས་ཆོས་རྗེ་ཤེས་རབ་སེངྒེའི་དྲུང་དུ་གསང་བ་འདུས་པའི་རྒྱུད་འགྲེལ་པ་དང་བཅས་པ།   གདན་རྫོགས།གསལ་སྒྲོན་ལ་སོགས་པའི་རྗེའི་གསུང་རབ་དང༌།   འཕགས་སྐོར་མཐའ་དག་ཚང་བར་གསན།   བདེ་མཆོག་གི་རྒྱུད་ཀྱི་བཤད་པ་དང་འདོད་འཇོ། ལྰུ་དྲིལ་གྱི་རྫོགས་རིམ་ལ་སོགས་པའི་བདེ་མཆོག་གི་སྐོར་རྣམས་དང༌། གསང་སྔགས་དང་ཕར་ཕྱིན་གཉིས་ཀྱི་ལམ་རིམ། ཟབ་མོ་དབུ་མའི་ལྟ་ཁྲིད།    ཚུལ་ཁྲིམས་ལེའུ།   རྩ་ལྟུང་བཅུ་བཞི་པ། བླ་མ་ལྔ་བཅུ་པ་རྣམས་ཀྱི་རྗེའི་རྣམ་བཤད་དང༌།   མཚན་ཉིད་ཀྱི་ཆོས་སྐོར་ཡང་མང་དུ་གསན་ཏེ།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号