ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
འཇམ་མགོན་བསྟན་སྲུང་རྣམས་ཀྱིས་བསྐུལ་བའི་མཐུས།རྒྱལ་བ་དབེན་ས་པ་རྒྱལ་སྲས་གཞོན་ནུ་གསར་པའི་ཟླ་ཚེས་ལྟ་བུར་གནས་པ་འདིས་རྗེ་སྐྱབས་མཆོག་དཔལ་བའི་མཚན་ཐོས་པ་ཙམ་གྱིས་དད་ཅིང་གུས་པར་གྱུར་ལ།   རྗེ་སྐྱབས་མཆོག་དཔལ་བ་ཡང་རྒྱལ་བ་དབེན་ས་པའི་སྐུ་གཟིགས་པ་ཙམ་གྱིས་ཡུན་རིང་མ་འཕྲད་པའི་ཕ་བུ་གསར་དུ་ཕྲད་པ་བཞིན་དུ་དགའ་བ་དང་སྤྲོ་བས་ཤིན་ཏུ་གཅེས་པར་འཛིན་པར་གྱུར་ཏོ།། དེའི་ཚེ་ཐ་མལ་ཆུ་བུར་མིག་ལྡན་རྣམས་ཀྱི་སྣང་ངོར་རྗེ་སྐྱབས་མཆོག་དཔལ་བས་དབེན་སར་འཁྲུངས་པའི་རྒྱལ་སྲས་གཞོན་ནུ་འདི་ལ་ཐུགས་མཉེས་པའི་སྟངས་ཀ་མཛད་པ་ཙམ་ཞིག་ཏུ་སྣང་ཡང༌།ངེས་པ་དོན་ཏུ་ཟུང་འཇུག་གྲུབ་པའི་དཔའ་བོ་རྗེ་སྐྱབས་མཆོག་དཔལ་བ་དང༌།རྒྱལ་སྲས་སྤྲུལ་བའི་གར་མཛད་པ་དབེན་ས་པ་གཉིས་པོ་ཞལ་འཛོམ་སྟེ་དུས་གསུམ་གསལ་བར་གཟིགས་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཇི་ལྟར་མཛད་དགོས་པའི་བཀའ་བགྲོ་བ་མཛད་ཅིང༌།མ་འོངས་པ་ན་ཡབ་སྲས་གཉིས་ཀྱིས་མཛད་པ་ཇི་ལྟར་མཛད་པ་མཐའ་དག་གསུང་མོལ་ཞིབ་ཏུ་མཛད་དོ། །དེ་ནས་རྒྱལ་སྲས་གཞོན་ནུ་དེ་ཉིད་སྔོན་ཡུན་རིང་པོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་གོམས་པ་ཀློངས་སུ་གྱུར་པས་བྱིས་པའི་ངང་ཚུལ་མཐའ་དག་ལས་འདས་ཏེ་ཇི་ལྟར་བྱིས་པ་གཞན་དག་སྐྱེས་ཙམ་ཉིད་ནས་མའི་ནུ་ཞོ་ལེན་པ་ལ་གཞན་གྱིས་བསླབ་མི་དགོས་པར་ངང་གིས་འཇུག་པ་ཅི་འདྲ་བ་དེ་འདྲ་བར་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི་སྐྱེས་ཙམ་ཉིད་ནས་གཞན་གྱིས་བསླབ་མི་དགོས་པར་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འཁོར་བའི་ངང་ཚུལ་གང་དང་གང་ལའང་མཐོང་བ་ཙམ་གྱིས་ཞེན་པ་ལོག་པ་དང༌།སེམས་ཅན་སུ་དང་སུ་མཐོང་ཡང་འགྲོ་བ་ཉམ་ཐག་འདི་ཐབས་གང་ཞིག་གིས་འཁོར་བའི་བཙོན་ནང་ནས་གདོན་པར་བྱ་སྙམ་དུ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་བ་དང༌།ལྷག་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཉིད་ལ་གསོལ་བ་འདེབས་ཤིང་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་ནུས་པ་དུས་ནམ་ཞིག་ན་འོང་སྙམ་པ་འབའ་ཞིག་ཐུགས་ལ་བརྣགས་ཏེ་ཡུལ་དེའི་ཤར་ཕྱོགས་ན་ཕུག་གཞན་གྱིས་རྙེད་དཀའ་བ་ཞིག་ཡོད་པས་ཕུག་དེར་བདག་ཉིད་གཅིག་པུར་ཞག་ལྔ་དྲུག་ཙམ་རེ་བསྡད་པས་ཡང་ཡང་འཚོལ་དགོས་པ་ཞིག་ཡོད་གསུང༌། གཅིག་པུ་དབེན་པ་ལ་མངོན་པར་དགྱེས་པ་ཞིག་དེ་འདྲ་བའི་གཞོན་ནུ་ཉིད་ནས་རང་འཁྲུངས་སུ་ཡོད་ཅིང༌།དེ་དུས་ནས་སྟོན་པ་ཐུབ་པའི་དབང་པོ་དང་རྒྱལ་བ་ཙོང་ཁ་པ་ལ་གསོལ་འདེབས་ཉིན་མཚན་ཁོར་ཡུག་ཏུ་ཤུགས་དྲག་ཏུ་མཛད་པ་ན་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དང་རྒྱལ་བ་བློ་བཟང་གྲགས་པ་གཉིས་ཀྱི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་སྣང་བས་དུས་འདའ་བ་ཞིག་བྱུང་ངོ༌།།དེ་ནས་དགུང་ལོ་བརྒྱད་བཞེས་པ་ན།    ནུབ་གཅིག་སེག་རིའི་རྩེ་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་ཤར་བྱུང་བས་རང་ཉིད་ཀྱི་སྐུ་ལ་དར་དཀར་གྱི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན།    རྡོ་དྲིལ་འཛིན་པས་ཟླ་བ་དེ་ལ་ཞུགས་ཏེ་དྲིལ་བུ་གསིལ་བའི་སྒྲས་འཇིག་རྟེན་གྱི་ཁམས་ཁྱབ་པ་ཅིག་རྨིས་གསུངས་ཏེ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོ་འདིས་རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་འཛིན་མའི་ཁྱོན་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་རྒྱ་ཆེ་རྒྱུན་མི་འཆད་འབྱུང་བ་འདི་ལ་དགོངས་པར་ངེས་སོ།།རྒྱལ་བ་དབེན་ས་པ་འཁྲུངས་ཙམ་ཉིད་ནས་བླ་མ་ལྷའི་རྣལ་འབྱོར་གྱི་སྒྲུབ་པ་ལ་ཞུགས་པས་སྟོན་པ་མཆོག་དང་འཇམ་མགོན་བླ་མས་བྱིན་གྱིས་བརླབས་པའི་སྣང་བ་ཁྱད་པར་ཅན་བྱུང་བའི་ཚུལ་དེ་ལ་སྲས་ཀྱི་ཐུ་བོ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི། བླ་མ་མཆོག་དང་ལྷག་པའི་ལྷ་རྣམས་ཀྱིས།།འགྲོ་བའི་དཔལ་མགོན་མཆོག་ཏུ་ཉེར་གཟིགས་ནས།།གཞོན་ནུའི་དུས་ནས་བྱིན་བརླབས་དབེན་ས་པ།།བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས་སོ།།དེ་ནས་སྔོན་ལན་ཅིག་མ་ཡིན་པར་གོམས་པའི་བག་ཆགས་བཟང་པོའི་མཐུ་ཡོངས་སུ་བརྟས་པས།འཁོར་བ་མཐའ་དག་མེ་འབར་བའི་རླུབས་ལྟར་གཟིགས་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་རབ་ཏུ་འབྱུང་བའི་ཐབས་ཇི་ལྟར་བྱ་ཞེས་ཉིན་མཚན་ཀུན་ཏུ་དེ་འབའ་ཞིག་ཐུགས་ལ་བརྣགས་སོ།།དེ་ནས་ཇི་ལྟར་སྨོན་པ་ལྟར་དགུང་ལོ་བཅུ་གཅིག་བཞེས་པ་ཕག་ལོ་ཟླ་བ་དང་པོའི་ཚེའི་བཅུའི་ཉིན་ཆོས་འཁོར་དབུས་སྡིངས་ཀྱི་དགོན་པར་ཆོས་རྗེ་ལྷ་རི་རྩེ་པ་གྲགས་པ་དོན་གྲུབ་པས་མཁན་པོ་དང༌།ཞལ་སྔ་ནས་ཚུལ་ཁྲིམས་རིན་ཆེན་པས་སློབ་དཔོན་མཛད།གནས་བརྟན་ཆོས་ཀྱི་རྒྱལ་མཚན་དང༌།རབ་འབྱམས་པ་ལེགས་པ་སོགས་ཁ་སྐོང་བར་འོས་པ་དད་པའི་དགེ་འདུན་ཡོངས་སུ་རྫོགས་པའི་དབུས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་ཡང་བློ་བཟང་དོན་གྲུབ་ཅེས་བྱ་བར་གསོལ་ཏོ།།འདི་ནི་སྔོན་ཐུབ་པའི་དབང་པོ་ཡུམ་སྒྱུ་འཕྲུལ་མ་ལས་འཁྲུངས་མ་ཐག་རྒྱལ་པོ་ཟས་གཙང་མས་དོན་ཐམས་ཅད་གྲུབ་པ་ཞེས་མཚན་གསོལ་བ་ལྟར།རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཡང་རྒྱལ་བའི་བསྟན་པའི་སྒོར་བྱོན་མ་ཐག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་མཁན་སློབ་གཉིས་བྱིན་གྱིས་བརླབས་ཏེ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་མདོ་སྔགས་སྙན་རྒྱུད་ཀྱི་བསྟན་པ་ཡོངས་རྫོགས་ད་ནི་འཇིག་རྟེན་འདིར་ངེས་པར་དར་བར་འགྱུར་བས་རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་ལ་བརྣགས་པའི་དོན་གྲུབ་བོ་ཞེས་མཚོན་པའི་ཕྱིར་བློ་བཟང་དོན་གྲུབ་ཅེས་མཚན་གསོལ་བར་ངེས་སོ།།ཚུལ་འདི་ལ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས།རྗེ་བཙུན་དམ་པ་གྲགས་པའི་མཚན་ཅན་གྱིས།།བློ་བཟང་དོན་གྲུབ་ཅེས་བྱར་མཚན་གསོལ་ནས།།བསྟན་ལ་རབ་ཏུ་བྱུང་མཛད་དབེན་ས་པ།།བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་མཛད་དོ།།དེ་ལྟར་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི་ཡོན་གནས་དམ་པ་ཐུབ་པའི་དབང་པོ་གཉིས་པ་ལྟ་བུར་གྱུར་ཅིང༌།དེའི་ཚེ་མཁན་སློབ་དགེ་འདུན་དང་བཅས་པས་ཀྱང་མེ་ཏོག་གཏོར་ཞིང་ཤིས་པ་བརྗོད་དེ་དོན་དེ་ལྟར་དུ་འགྱུར་བར་སྨོན་ལམ་མཛད་དོ།།ཚུལ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོ་རང་ཉིད་ཀྱི་གསུང་ལས་བྱུང་སྟེ། ཕག་ལོ་རྟ་ཟླའི་ཚེས་བཅུ་ལ།།སོ་སོ་ཐར་པའི་སྡོམ་པ་བླངས།།སངས་རྒྱས་བསྟན་ལ་ཞུགས་པ་དང༌།།ངུར་སྨྲིག་རྒྱལ་མཚན་བསྐོན་པ་མཉམ།།ཞེས་གསུངས་སོ།།རྒྱལ་བ་དབེན་ས་པ་ཆེན་པོ་རང་ཉིད་སྔོན་ཡུན་རིང་པོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་བསླབ་པ་མཐར་ཕྱིན་པ་ཞིག་ཡིན་ཡང༌།ཕྱི་རབས་ཀྱི་གདུལ་བྱ་རྣམས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པའི་ཕྱིར་དང༌།རྗེ་བླ་མས།དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ།།ཞེས་གསུངས་པ་ལྟར་ཕ་རྗེས་བུས་ཟིན་པ་ཞིག་བྱ་བའི་ཕྱིར་རྒྱ་ཆེན་ཐོས་པ་འཚོལ་བར་བཞེད་ནས་དབྱར་ཆོས་ལ་དགེ་འཕེལ་དུ་ཕེབས་པ་ན།སློབ་དཔོན་ཚུལ་ཁྲིམས་རིན་ཆེན་པས་ཚུལ་ཁྲིམས་སྒང་གི་གདན་ས་བཞག་སྟེ་འབྲས་སྤུངས་ལ་ཕེབས་པ་དང་ཐུག་ནས་འབྲས་སྤུངས་སུ་མཁན་པོ་རིན་པོ་ཆེ་གྲགས་པ་དོན་གྲུབ་དང༌།སློབ་དཔོན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་པ་གཉིས་དང་ལྷན་དུ་བྱོན།དེ་ནས་འབྲས་སྤུངས་སུ་དབྱར་སྟོན་སྦྲེལ་ནས་བཞུགས་ཏེ་ཆོས་སྤྱོད་ཀྱི་རིམ་པ་ཅི་རིགས་པ་ཐུགས་ལ་ཆུད་པར་མཛད། རྗེ་ལྷ་རི་པ་ལ་བྱང་ཆུབ་ལམ་གྱི་རིམ་པ་དང༌།དཔེ་ཆོས་རིན་སྤུངས་སོགས་ཆོས་བཀའ་དུ་མ་དང༌།དཔལ་དུས་ཀྱི་འཁོར་ལོའི་དབང༌།བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་ཞུ་བར་མཛད།རྗེ་ལྷ་རི་པ་འདིས་རྡོ་རྗེ་ཐེག་པའི་སྒོར་དང་པོར་སྨིན་པར་མཛད་པས་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ།།དེ་ནས་ཟླ་བ་བཅུ་པའི་མཇུག་ཏུ་དབེན་སར་ཕེབས།སླར་རི་བོ་དགེ་འཕེལ་དུ་ཆོས་ཀྱི་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་དུ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཞི།རྩ་རྒྱུད་ཀྱི་ལུང༌།རྡོ་རྗེ་མི་འཁྲུགས་པའི་དབང་རྗེས་གནང༌།གཟུངས་ཀྱི་ལུང་དང་བཅས་པ།སྨན་བླའི་རྗེས་གནང་ལུང་དང་བཅས་པ།སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ནོ།།དེ་ནས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ལམ་ལ་སློབ་པར་འདོད་པ་རྣམས་ལ་ཚེ་འདིའི་རྙེད་བཀུར་སྙན་གྲགས་ཙམ་གྱི་ཕྱིར་དུ་ཐོས་བསམ་བྱེད་པ་ནི་བདུད་རྩི་དུག་ཏུ་བསྒྱུར་བ་ལྟར་ངལ་བ་འབྲས་མེད་དུ་འགྱུར་བ་དང༌།ངལ་བ་སྟོང་ཟད་དུ་བྱེད་དོ་ཞེས་འདོམས་པ་དང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号