ཐོས་བསམ་བྱེད་པའི་ཚེ་རང་རྒྱུད་འདུལ་བའི་ཕྱིར་དུ་ཉོན་མོངས་པའི་གཉེན་པོར་དྲི་མ་མེད་པའི་རིགས་ལམ་འཚོལ་བ་ཡིན་གྱི།དེ་ལྟ་མིན་པར་ཤིང་རྟ་ཆེན་པོའི་གཞུང་གི་དགོངས་པ་མི་འཚོལ་བར་ཁོ་འདི་ཟེར་ན་ང་འདི་ཟེར་གྱི་གཤགས་འགྱེད་ཙམ་དང༌།ཚིག་ཟུར་འཆོས་པའི་རྩོད་པ་ལྷུར་ལེན་པ་ནི་སྙིང་པོ་གང་ཡང་མེད་དོ་ཞེས་འདོམས་པ་དང༌།རང་ཉིད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ངང་ཚུལ་སྟོན་པ་སོགས་ཀྱི་དགོས་པ་མང་པོ་གཟིགས་ནས་དེའི་དགུན་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཐོས་བསམ་གླིང་གི་གདན་ས་པ་འཇམ་པའི་དབྱངས་བློ་བཟང་བཤེས་གཉེན་པའི་དྲུང་དུ་བསྡུས་གྲྭ་རྩི་བ་དང་གཞུང་དང་ཆོས་སྤྱོད་མང་པོའི་ལུང་ཡང་གསན།དེའི་ཚེ་ཐོག་མར་ཉིན་གཅིག་ཙམ་ཞིག་སྦྱོར་བ་རྩི་བ་སོགས་ལ་ཐོགས་པ་མེད་པའི་སྤོབས་པ་མཐུ་ཅན་དུ་གྱུར་ཀྱང༌།ཕྱིས་ནི་ཆོས་བརྒྱད་ཀྱི་རོལ་རྩེད་ལ་རྒྱབ་ཀྱིས་ཕྱོགས་པ་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིས་གནས་ནས་གཞན་དག་གིས་ཐོས་བསམ་གྱི་སྦྱོར་བ་ལ་བསྐུལ་བའི་བདག་རྐྱེན་ཉེ་བར་བསྒྲུབས་ཀྱང༌།དོན་སྐད་ཅིག་ཀྱང་ཉམས་སུ་མི་ལེན་པའི་ཚིག་གི་སྦྱོར་བ་ཁོ་ན་ལ་བརྩོན་པ་ལྷུར་ལེན་པ་ལ་སྙིང་པོ་རང་ཅི་ཡོད།ཆུའི་ལྦུ་བ་དང་མཚུངས་པའི་ཚིག་ཕྲེང་དག་ནི་ཉིན་རེ་བཞིན་ཟློས་བུར་སྨྲ་བ་ཁོ་ནའོ།།ཞེས་རིགས་པའི་བརྟུལ་ཞུགས་ཀྱི་སེང་གེའི་སྒྲ་ཆེན་པོ་བསྒྲགས།དོན་འདི་ནི།བདག་ཉིད་ཆེན་པོ་རང་ཉིད་ཚེ་རབས་དུ་མར་གོམས་པས་ལུང་གི་ཆོས་ཀྱི་བདག་པོར་གྱུར་པས་སྐུ་ཚེ་འདིར་ཐོས་བསམ་གྱི་སྦྱངས་པ་ལ་མི་ལྟོས་པ་དང༌།ཉམས་ལེན་མེད་པར་ལྟར་སྣང་གི་ཚིག་འཁྲི་ལ་སྙིང་པོར་འདུ་ཤེས་པའི་རྟོག་གེ་པ་རྣམས་སྤ་བཀོང་བར་མཛད་པ་དང་གཅིག་ཏུ་རྒྱལ་བ་དགྱེས་པའི་ལམ་བཟང་བསྒྲུབས་པས་སྙིང་པོའི་བསྟན་པ་ཕྱོགས་མཐར་སྤེལ་བར་མཛད་པ་ལ་དགོངས་པའོ།།དེ་ནས་སླར་ཡང༌། དགེ་འཕེལ་དུ་རྗེ་བློ་གྲོས་རྒྱལ་མཚན་པ་ལ་ཀུན་མཁྱེན་སྟོབས་འབར་འོད་ཟེར་གྱིས་མཛད་པའི་འདུལ་བའི་བསླབ་བྱ། རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་སོགས་ཀྱི་ལུང་དུ་མ་གསན།གཞན་ཡང་གནས་དེར་ཆོས་ཀྱི་རྗེ་ཐུབ་བསྟན་རྣམ་རྒྱལ་བའི་དྲུང་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ།ཐུགས་རྗེ་ཆེན་པོ་ཕྱག་བཞི་པ།ཛམ་ལ་དམར་པོ་ཡབ་ཡུམ། མགོན་པོའི་བཀའ་ཆེན་བཅུ་གསུམ་དུ་གྲགས་པའི་རྗེས་གནང་ལུང་མན་ངག་དང་བཅས་པ།ཆོས་རྒྱལ་ཕྱི་ནང་གསང་གསུམ།གཏུམ་པོ་ཁྱུང་ལྔའི་ལུང་མན་ངག་དང་བཅས་པ།ནམ་མཁའ་སྒོ་འབྱེད།ཚེ་རིང་མཆེད་ལྔའི་དབང་དང༌། འཇམ་དབྱངས་མགོན་པོའི་གཅོད་གཞུང་ཊྰིཀྐ་དང་བཅས་པ་སོགས་གཅོད་ཀྱི་གདམས་པ་དུ་མ་དང༌།རྗེ་བླ་མ་ནས་བརྒྱུད་པའི་ནཱ་རོའི་ཆོས་དྲུག་གི་ཁྲིད། གསང་འདུས་རིམ་ལྔའི་ཁྲིད་ལག་རྗེས།པཎ་ཆེན་ཆོས་རྒྱལ་གྱི་བསྲེ་འཕོ། ཕྱག་རྒྱ་སྲོག་རྩོལ་གྱི་གདམས་ངག་སོགས་ཡིག་ཆུང་དུ་མ་དང༌།འཕོ་ཁྲིད་ཆེན་མོ། ནེ་གུ་ཆོས་དྲུག་གི་ཁྲིད།ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས།མཁའ་འགྲོ་སེང་གདོང་ཅན།དཔལ་ལྡན་དམག་ཟོར་རྒྱལ་མོ། གུར།ཞལ།ཕྱག་བཞི་པ།རྣམ་སྲས། གནོད་སྦྱིན་བེཀྩེ་རྣམས་ཀྱི་རྗེས་གནང་དང་སྙིང་པོའི་བཟླས་ལུང་དང་བཅས་པ་གསན་ནོ།།དེ་ལྟར་མང་དུ་ཐོས་པ་མཛད་པའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།གཅིག་ཏུ་སྙིང་པོའི་དོན་ལ་གཞོལ་བའི་ཐུགས།།མཆོག་ཏུ་གྱུར་པས་མཁས་གྲུབ་གཞན་ལས་ཀྱང༌།།གདམས་པའི་བདུད་རྩི་མང་གསོལ་དབེན་ས་པ།།བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་རོ།།དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་ཆོས་འཁོར་དབུས་སྡིངས་སུ་ཕེབས་ཏེ་ཟུང་འཇུག་གྲུབ་པའི་དཔའ་བོ་བླ་མ་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ་གསང་བདེ་འཇིགས་གསུམ་གྱི་དབང་ཡོངས་རྫོགས།མགོན་པོ།ཆོས་རྒྱལ།བཅུ་གཅིག་ཞལ།དོན་ཞགས།གཏུམ་པོ་ཁྱུང་ལྔ་རྣམས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ།གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ལ་སོགས་པ་མདོ་སྔགས་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ཞུས་ཤིང༌།བླ་མ་དང་ཡི་དམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་གཟིགས་པ་དང༌།ངོ་མཚར་བའི་ལྟས་དུ་མ་གཟིགས་པ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་བདག་ཉིད་ཆེན་པོ་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་ལ་ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་ཞུས་པའི་དུས་སུ་རྗེ་སྐྱབས་མཆོག་དཔལ་བ་དེ་སྐུ་མདོག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བ་ལ་མེ་སྣ་ལྔ་འབར་བས་མཛེས་པར་བསྐོར་བ།གཏོར་མ་དང་རྡོ་དྲིལ་ནམ་མཁར་གནས་ཤིང༌།དྲི་ཞིམ་པོ་བྲོ་བ་དང༌།ལྷའི་རོལ་མོའི་སྒྲ་ཡང་མངོན་སུམ་དུ་གསན།ཡང་དོན་ཞགས་དང༌། བཅུ་གཅིག་ཞལ་རྒྱུ་དབང་ཞུས་པའི་དུས་སུ་སྔར་བསྟན་མ་མཐོང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིད་འཕྲོག་པ་ཅིག་ལ་ལྷའི་མེ་ཏོག་སྣ་ཚོགས་པ་སོགས་མཆོད་པའི་ཚོགས་ཀྱང་དུ་མ་འདུག་ཅིང༌། དྲི་ཞིམ་པོ་དང་ལྷའི་སིལ་སྙན་གྱི་སྒྲ་སྙན་པོ་ཡང་འཁྲོལ།རྗེ་སྐྱབས་མཆོག་དཔལ་བ་དེ་ཉིད་ཀྱི་སྐུ་ཡང་ཟླ་བའི་དཀྱིལ་འཁོར་མངོན་པར་གང་བ་ལྟ་བུར་དཀར་ཞིང་འོད་ཟེར་འཕྲོ་བ་མཐོང་བས་རྐྱེན་བྱས་ནས་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས།དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོ་རྗེ་སྐྱབས་མཆོག་དཔལ་བ་ཉིད་ལ་གསོལ་བ་ཡུན་རིང་དུ་བཏབ་ནས།འདས་མ་འོངས་ཀྱི་སྐྱེ་བ་བཞེས་ཚུལ།སྐུ་སྐྱེ་བ་འདི་ལ་ངོ་མཚར་ཆེ་བའི་ཡོན་ཏན་འཁྲུངས་ཚུལ་རྣམས་གསུང་བར་ཞུས་པས་རྗེ་སྐྱབས་མཆོག་དཔལ་བས་འདི་ལྟར་གསུངས་ཏེ།སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་བྱང་ཆུབ་སེམས་དཔའ་འདུལ་བའི་ཏོག་ཅེས་པར་སྐྱེས་ནས་སངས་རྒྱས་དངོས་ལ་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་ཉན།དེའི་འོག་ཏུ་རྒྱ་གར་ཤར་ཕྱོགས་སུ་སྟོབས་ལྡན་གྱི་རྒྱལ་པོ་ཞིག་ཏུ་སྐྱེས་ཏེ་ཆོས་ལྡན་གྱི་ཁྲིམས་བཅས་ནས་མི་དགེ་བ་བྱེད་པ་རྣམས་གྱི་མིག་འདོན་པ་དང༌། རྐང་ལག་གཅོད་པ་སོགས་བྱས་པའི་སྟོབས་ཀྱིས་མ་འོངས་པ་ན་མིག་དང་རྐང་ལག་སོགས་ལ་སྐྱོན་ཅུང་ཟད་འོང་པ་འདྲ་གསུང༌།དེ་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས།དེར་ཡུན་རིང་པོ་མ་ལོན་པར་རྒྱ་གར་དུ་སློབ་དཔོན་ཡོན་ཏན་འོད་དུ་གྱུར་ནས་བསྟན་པ་དང་འགྲོ་བའི་དོན་ཚད་མེད་པ་བྱས།དེའི་ཕྱི་མ་རྒྱ་ནག་རི་བོ་རྩེ་ལྔར་སོང་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་ཆོས་མང་དུ་ཉན་ཞིང་རྗེ་བཙུན་གྱིས་ལུང་བསྟན་པ་ལ་བརྟེན་ནས་བལ་པོར་རྡོ་རྗེ་གཞོན་ནུ་ཞེས་བྱ་བའི་སྔགས་པ་ཞིག་གི་རྟེན་བཟུང་སྟེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་དར་བར་བྱས།དེ་ནས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བར་སྐྱེས་ནས་ཇོ་བོ་རྗེ་བོད་ལ་གདན་འདྲེན་པ་སོགས་དཀའ་སྤྱད་མང་པོ་བྱས་ཤིང་དམ་པའི་ཆོས་མང་པོ་བསྒྱུར་བ་ཡང་དྲན་གསུང༌། གཞན་ཡང་རྗེ་ནཱ་རོ་པའི་སྤྲུལ་པར་གྲགས་པའི་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དང༌།ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱང་དམ་པ་འདིའི་སྐུའི་སྐྱེ་བ་ཡིན་པ་ཡང་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་ཤིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གནང་བའི་ལུང་བསྟན་གསང་བའི་མེ་ལོང་ལས་ཀྱང་དེ་ལྟར་དུ་འབྱུང་ངོ༌།།དེ་ནས་རྗེ་སྐྱབས་མཆོག་དཔལ་བ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པའི་ཚེ་འཇིགས་བྱེད་སྒྲུབ་མཆོད་ཅིག་མཛད་པའི་དུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང༌།དགྲ་ནག་དང་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་དང་བཅས་པའི་ཞལ་མངོན་སུམ་དུ་གཟིགས་ཤིང༌།དེའི་དུས་སུ་རྒྱལ་བ་དབེན་ས་པ་ཆེན་པོས་ཡི་དམ་གྱི་དབང་གསན་པས་སྐུ་ལས་མེ་འབར་ཞིང་ཞབས་བརྡབས་པས་ས་གཡོ་བ་དང༌། དཀྱིལ་འཁོར་ཡང་མེ་ཁ་དོག་སྣ་ལྔ་པས་བསྐོར་བ་སོགས་ངོ་མཚར་བའི་ལྟས་མང་དུ་གཟིགས་སོ།།དེ་ནས་སྤྲེའུ་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ཀྱི་ཐོ་རངས་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཞལ་མཐོང་ལུས་དབེན་དང་ངག་དབེན་ལ་བརྟན་པ་ཐོབ་གསུང་ཞིང་དེ་དུས་རྒྱལ་བ་དབེན་ས་པ་་ཆེན་པོས་རྗེ་སྐྱབས་མཆོག་དཔལ་བ་ལ་གསང་བ་འདུས་པའི་དབང་ཞུས་ཏེ་ཡེ་ཤེས་འབེབས་པའི་དུས་སུ། རྗེ་སྐྱབས་མཆོག་དཔལ་བའི་སྐུ་འོད་ཟེར་ཁ་དོག་སྣ་ལྔའི་རང་བཞིན་ཅན་དུ་བྱས་ནས་དཀྱིལ་འཁོར་གྱི་སྟེང་ན་ཕར་འབྱོན་ཚུར་འབྱོན་མཛད་ཀྱང༌།རྡུལ་ཚོན་ལ་མི་གནོད་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང་ངོ༌།། 3/10 མདུན་ངོས། 上一页 1 2 3 4 5 6 下一页 尾页 |