གསེར་ཁྲིའི་དབུ་ཐོག་ཏུ་གསེར་ཟངས་ཀྱི་གཉྫི་ར་གསར་བཞེངས་ཀྱི་ཐེབས་དངོས་བོ་ཕོན་ཆེ་བ་གནང༌། གསེར་གདུང་རིན་པོ་ཆེའི་སྐུ་མདུན་དུ་མཆོད་པ་ཚད་མེད་པ་ཕུལ་ཏེ་སྨོན་ལམ་རྒྱ་ཆེར་མཛད། དགའ་ལྡན་དུ་གླིང་སྐོར་ཞིག་ལ་ཕེབས་སྐབས་ནམ་མཁའ་ལ་འཇའ་ཁ་དོག་སྣ་ལྔས་ཁྱབ་པ་སོགས་ཕྱི་ནང་གི་རྟགས་རྟེན་འབྲེལ་ངོ་མཚར་མཐའ་ཡས་པ་བྱུང༌། ཚུལ་དེ་དག་ལ་རྗེ་ཉིད་ཀྱི་ཞལ་ནས་འདི་ལྟར་གསུངས་ཏེ། ན་མོ་གུ་རུ་མཉྫུ་གྷོ་ཥྰ་ཡ། མང་མང་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ལེགས་ལེགས་ངུར་སྨྲིག་འཛིན་པའི་སྐུར་བསྟན་ནས། །ཡང་ཡང་འཁོར་མཚོར་འཁྱམས་པའི་དྲིན་ཅན་མ། །ངེས་ངེས་ལེགས་ལམ་འཁྲིད་མཁས་དེར་ཕྱག་འཚལ། ། བཀའ་བསྟན་དུ་མར་ལུང་བསྟན་འཇམ་མགོན་རྗེའི། །གདན་ས་རི་བོ་དགེ་ལྡན་རྟེན་གསུམ་དང༌། །བསླབ་པ་གསུམ་ལྡན་མཁས་མང་འདུས་པའི་ཚོགས། །མངོན་སུམ་མཇལ་བས་ཡིད་ཀྱི་ལྗོན་པ་བརྟས། །ཇི་ལྟར་དྭངས་མཚོར་ངང་ཚོགས་དགའ་རོལ་བཞིན། །དད་པའི་ཤུགས་ཀྱིས་རྟེན་གསུམ་དགེ་འདུན་སྡེར། །གུས་པས་མཆོད་སོགས་བསྙེན་བཀུར་བགྱིས་པ་ཡི། །རབ་དཀར་བསོད་ནམས་ཇི་སྙེད་མཆིས་པའི་མཐུས།། རྒྱལ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །མདོ་སྔགས་བསྟན་པ་དྲི་བྲལ་ཟླ་འོད་ཀྱིས། །སྣོད་བཅུད་སྡིག་འབྲས་མུམ་པའི་ཚོགས་བཅོམ་སྟེ། ། རྫོགས་ལྡན་ཀུནྡའི་བཞིན་རས་བྱེ་གྱུར་ཅིག །མ་འདྲིས་འགྲོ་བའི་གཉེན་གཅིག་ཙོང་ཁ་པ། །ཁྱོད་ཀྱི་རྗེས་འཇུག་ཞྭ་སེར་འཆང་བའི་ཚོགས། ། རྣམ་དག་བསླབ་པ་གསུམ་གྱི་མཛོད་འཛིན་ཅིང༌། །ལུང་རྟོགས་བསྟན་པའི་རྒྱལ་མཚན་རབ་བསྒྲེང་ཤོག །བདག་ཀྱང་རྗེ་བཙུན་བླ་མའི་ཐུགས་བསྐྱེད་སྨོན། །མ་ལུས་བསྒྲུབ་ལ་མི་ཞུམ་རབ་དཔའ་བས། །འགྲོ་ཀུན་ཁྱོད་ཀྱི་རླབས་ཆེན་མཛད་བཟང་ལ། །སྦྱོར་མཁས་བསྟན་འགྲོའི་ཉེར་འཚོ་ཆེན་པོར་ཤོག །མཆོག་གསུམ་བསླུ་མེད་བདེན་པའི་བྱིན་རླབས་དང༌།། ཆོས་ཀྱི་རྒྱལ་པོ་ལ་སོགས་བསྲུང་མའི་མཐུས།། དགེ་ལྡན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འགྲོ་ཀུན་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག ། ཅེས་སོ། །དེ་ནས་གཙང་ལ་ཆིབས་ཁ་བསྐྱོད་པའི་ལམ་ཞོར་དུ་ཡེར་པ་དང༌། ལྷ་སའི་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད། རིམ་གྱིས་ལམ་བར་རྣམས་སུ་ཕྱོགས་ཕྱོགས་ནས་འདུས་པའི་ཆོས་དོན་གཉེར་བ་རྣམས་ལ་ཆོས་ཀྱི་བདུད་རྩི་སྩལ་ཞིང་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པའང་ཟམ་མ་ཆད་པར་གནང༌། དེ་སྐབས་འབྲས་སྤུངས་ནས་བསྙེན་རྫོགས་ཀྱི་སྡོམ་པ་དོན་གཉེར་བ་ཁ་ཤས་རྗེས་སྙེགས་སུ་བྱུང་བར་རྗེ་འདི་པས་རྒྱལ་བའི་བསྟན་པ་འབའ་ཞིག་ལ་དགོངས་ཏེ་ངལ་བ་ཁྱད་དུ་བསད་ནས་གམ་པ་ལའི་ངོས་ལ་གསོལ་ཚིགས་གནང་སྐབས་ཀྱང་རབ་བྱུང་བསྙེན་རྫོགས་འགའ་ཞིག་གནང་ཞིང༌། དེ་བཞིན་དུ་ཚ་ཞག་གར་བབས་སུ་རབ་བྱུང་བསྙེན་རྫོགས་མང་དུ་གནང་སྟེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྲོག་ཤིང་འཛིན་པར་མཛད་དོ། །དེ་ནས་དབེན་དགོན་དུ་ཕེབས་ཏེ་དབེན་དགོན་འདུས་ཚོགས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་དང༌། དཔལ་འཁོར་ལོ་སྡོམ་པ་ལྰུ་ཨི་པའི་ལུགས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ། དགའ་ལྡན་སྙན་རྒྱུད་ཀྱི་མན་ངག་ཟབ་བཤད་རྒྱས་པ་སྩལ།གཞན་ཡང་དབེན་དགོན་འདུས་ཚོགས་ལ་མགོན་པོ་བར་ཆད་ཀུན་སེལ་དང༌། དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ། འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་གསུམ་གྱི་རྗེས་གནང་དང༌། དཔལ་མགོན་སྡེ་ལྔ། ལྷ་མོ་རྣམ་གསུམ་རྣམས་ཀྱི་བསྐང་གསོ། བདེ་མཆོག་རྩ་རྒྱུད། བདེ་མཆོག་ལྰུ་ཨི་པའི་སྒྲུབ་ཐབས་བདེ་ཆེན་གསལ་བ་སྨོན་ལམ་ཤིས་བརྗོད་དང་བཅས་པ། འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཏོ། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དེ་དག་ལ་ནི་རྗེ་རང་ཉིད་ཀྱི་ཞལ་ནས་འདི་ལྟར་གསུངས་ཏེ། རྙེད་བཀུར་སྙན་གྲགས་དོན་གཉེར་ཆགས་སྡང་གིས། །རང་གཞན་གྲུབ་མཐའི་ཕྱོགས་འཛིན་བློ་སྤངས་ནས། །སྒོ་གསུམ་མི་དགེ་བཅུ་ཡིས་མ་གོས་པར། །བཀའ་གདམས་གོང་མའི་རིང་ལུགས་ལེགས་པར་བསྐྱངས། །གཞོན་ནུ་ཉིད་ནས་ཡང་དག་བླངས་པའི་ཁྲིམས། །ཉམས་མེད་བསྲུངས་མཐུས་རིས་མེད་སྐྱེ་བོ་ཀུན། །ཆུ་གཏེར་ཆེན་པོར་ཆུ་ཕྲན་ཀུན་འདུས་བཞིན། །དད་པའི་བ་སྤུ་གཡོ་བཞིན་འདུས་པར་གྱུར།།ཚུལ་དེར་བརྟགས་པས་དཀར་ནག་ལས་ཀྱི་འབྲས། །མི་སླུར་ངེས་རྙེད་བརྩོན་པའི་ཤུགས་བསྐྱེད་ནས། །སྒོ་གསུམ་དགེ་བ་གོང་དུ་སྤེལ་བ་ལ། །སྤྲོ་དགའ་ཡར་ངོའི་ཟླ་བཞིན་ལྷག་པར་འཕེལ། །སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ་མཆོག་ལ། །སྡོམ་པ་རིམ་ཕུལ་རྡོ་རྗེ་འཇིགས་བྱེད་ཀྱི། དཀྱིལ་འཁོར་ཆེན་པོར་བཅུག་ནས་དབང་བསྐུར་ཏེ། །གངས་ཅན་འགྲོ་བའི་མགོན་པོར་མངའ་གསོལ་བགྱིས།། ཆོས་སྤྱོད་དང་པོའི་ལུགས་འཛིན་བཟོ་རིག་དག །བསྡུས་ནས་འདྲི་ཞིང་པར་དུ་བརྐོ་བ་དང༌། །བླ་མ་མཆོག་གསུམ་རིས་མེད་འདུས་ཚོགས་ལ།། དངོས་དང་ཡིད་སྤྲུལ་མཆོད་པས་རྟག་ཏུ་མཆོད། །ཆོས་དང་ཟང་ཟིང་འདོད་པའི་སྐྱེ་དགུ་ལ། །ཅི་འདོད་དེ་དང་དེ་ཡིས་ཚིམ་པར་བྱས། །ཞི་དུལ་ཐུགས་བརྩེར་ལྡན་པའི་བཤེས་གཉེན་མཆོག།བསྟེན་ནས་མདོ་རྒྱུད་གཞུང་ལུགས་མཐའ་དག་མཉན། །རྒྱུ་ཡོན་སྦྱར་ནས་གསུང་རབ་ཀློག་པ་དང༌། །རང་གིའང་བཀླགས་ཏེ་ཚིག་དོན་བློ་ལ་བླངས། ། བློ་སྟོབས་བསྐྱེད་ནས་མངོན་དང་མི་མངོན་པའི། །དྲིན་ཅན་ཕ་མར་དམ་པའི་ཆོས་ཀྱང་བཤད། །ཆེད་གཉེར་དད་འདུས་སྐྱེ་བོའི་དོན་བསྒྲུབས་ལས། ། རྣམ་གཡེང་ཀུན་བོར་ཕལ་ཆེར་ཟླ་མེད་བསྡད། །ཁ་ཏོན་དེ་དོན་སེམས་དང་བསྒོམས་པ་ཡི།།ཆོས་སྤྱོད་རྣམ་བཅུའི་རྒྱུན་བཟང་འཆག་མེད་བསྐྱངས།། འདི་དག་ལས་བྱུང་རྣམ་དཀར་དགེ་བའི་མཐུས། །མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པ་དང༌། །འགྲོ་ཀུན་སྒྲོལ་ལ་ནམ་ཡང་མི་ཞུམ་པ། །ཀུན་བཟང་འཇམ་པའི་དབྱངས་དང་མཚུངས་བར་སྨོན། །ཞེས་གསུངས། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་འདུས་པ་རྒྱ་མཚོའི་ཚོགས་དང་ཕྱོགས་འདུས་ཀྱི་དོན་གཉེར་ཅན་མང་པོར་དབང་ལུང་རྗེས་གནང་རིམ་པར་སྩལ་ཞིང༌། ལྷག་པར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་རྒྱལ་པོའི་དབང་གི་ཉེར་བསྡོགས་དང༌། ཕྱི་ཉིན་དངོས་གཞི་ཡོངས་སུ་རྫོགས་པ་སྩལ་ཞིང༌། དེ་ནས་མུ་སྦྲེལ་ཏེ་སྣར་ཐང་བརྒྱ་རྩ་ནས་འབྱུང་བའི་ལྷ་རྣམས་ཀྱི་རྗེས་གནང་དང༌། དེ་དག་གི་མངོན་རྟོགས་རྣམས་ཀྱི་ལུང༌། རྣམ་འགྲེལ། དབུ་མ།འདུལ་མཛོད།ཕར་ཕྱིན་རྣམས་ཀྱི་རྩ་བའི་ལུང་སྩལ། གཞན་ཡང་ཕྱོགས་ཕྱོགས་ནས་འདུས་པའི་དོན་གཉེར་ཅན་རྣམས་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བརྒྱུད་མར་གནང་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་རྗེས་སུ་བཟུང་སྟེ་མཐའ་དབུས་སྐྱེ་འགྲོ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་དགེ་བའི་རྩ་བ་བསྐྱེད་པར་མཛད་ཅིང༌། དེ་དག་གི་སྐབས་ཀུན་ཏུ་ནང་དུ་ཐུགས་དམ་ཟབ་མོའི་ཉམས་བཞེས་ལས་ནམ་ཡང་གཡོ་བ་མེད་པར་མཛད་པ་ནི་རྗེ་ཉིད་ཀྱི་ཞལ་ནས། གོ་སའི་དབང་གིས་འཕྲལ་རྣམ་གཡེང་ཆེ་བ་ཙམ་མ་གཏོགས་སྒོ་གསུམ་ལ་མི་དགེ་བ་བཅུས་གོས་མ་གོས་བརྟག་པ་དང༌། བཤགས་ཤིང་སྡོམ་པ་སོགས་རང་རྒྱུད་འདུལ་ཐབས་ལ་གཙོ་བོ་དང༌།གཞན་ཡང་ཆོས་སྤྱོད་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་བསྒྲུབ་པ་ལ་སོགས་པ་སྒོ་གསུམ་དགེ་བ་ལ་དུས་རྣམ་ཀུན་ཏུ་གཞོལ་བར་བགྱིས་ཞེས་གསུངས། དེ་ནས་ཞལ་སྔ་ནས་ཚེ་བརྟན་རྒྱལ་མཚན་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་ཆེན་མོ་མཛད་སྐབས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་དང༌། དབེན་པའི་རི་སུལ་དུ་བཞུགས་པའི་སྤོང་བ་པའི་སྡེ་རྣམས་བཅས་ལ་གསང་བདེ་འཇིགས་གསུམ་གྱི་དབང་གནང་དགོས་ཞེས་གསོལ་བ་བཏབ་པ་ན་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་དཔལ་གསང་བ་འདུས་པ་མི་བསྐྱོད་པ་ལྷ་སོ་གཉིས་ཀྱི་དབང་སྟ་གོན་དང་བཅས་པ་དང༌། བདེ་མཆོག་ལྰུ་ཨི་པ་ལྷ་དྲུག་ཅུ་རེ་གཉིས་པའི་དབང་སྟ་གོན་དང་བཅས་པ། 14/21 མདུན་ངོས། 上一页 12 13 14 15 16 17 下一页 尾页 |