ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ།
  ༈ལྷ་མིའི་གཙུག་རྒྱན་སོགས་ཡི་གེའི་ནང་ན་ཆེ་བརྗོད་ཀྱི་མཚན་ཇི་ལྟར་ཡོད་པ་རྫོགས་པར་ཤོང་ན་དེ་ཉིད་དང་ཆེ་བརྗོད་ཧ་ཅང་རྒྱས་པས་མི་ཤོང་བ་ལ། ཉུང་འདུས་ཀྱི་མཚན་མཐར་ཞབས་དྲུང་དུ་སྦྱར་པའི་འོག་ནས་ཕུལ་ཞེས་འདྲི། ཕུལ་དང་ཡིག་ཕྲེང་མཉམ་པའི་ཚོད་དུ་སྣེ་གཡས་ལ་གུས་ཕྲན་ཆེ་གེ་མོའི་ཞུ་ཡིག་ཅེས་རང་མིང་འབྲི། མདོར་ན་ལྟེབ་ལུགས་འདི་ལ་ངོས་ཕྱེད་དང་བཞི་ཡོད་པའི་ངོས་དང་པོ་དེ་གཡས་ངོས་ཡིན་ཞིང༌། ངོས་གཉིས་པ་དབུས་སམ་དཀྱིལ་དུ་བྱེད་ལ།  ངོས་གསུམ་པ་ཧྲིལ་པོ་དང༌།བཞི་བ་ཕྱེད་དུ་བརྩིས་པ་གཉིས་རིམ་པར་ནང་དུ་སོང་པའི་ཤོག་དྲིལ་གྱི་རྒྱབ་ཡིག་ལ། ངོས་དང་པོ་དེར། ཡིག་ཕྲེང་དམའ་ས་ནས་རང་མིང་དང༌། ངོས་གཉིས་པར་ཡིག་ཕྲེང་སྔ་མ་དེ་ལས་མཐོ་བའི་ཚོད་དུ་འབུལ་ཡུལ་གྱི་མཚན་འབྲི། མཚན་གྱི་གཤམ་ནས་འཁྱུད་སྟབས་སུ་ཤོག་སྐུད་ཀྱིས་དཀྲིས་པའི་སྣེ་ཡང་མཚན་གཤམ་གྱི་ཕུལ་ཞེས་པའི་འོག་ཏུ་བཅུག་སྟེ༑ མས་ཟུར་ནས་རང་གི་རྟགས་ཐམ་ཅི་རིགས་གྱེན་ཐེལ་མི་བྱ་བར་དབུ་ཆུང་གི་ཕྱོགས་སུ་མགོ་བསྟན་ནས་གདབ། ཤོག་སྐུད་ཀྱིས་དཀྲིས་པ་འདི་ལ་ཧུང་ཐག་ཅེས་ཀྱང་ཟེར་ཏེ། འདི་མི་བྱེད་པའང་མང་ལ། དེ་ལྟར་ན་རང་མིང་གི་མཐའི་ཞུ་ཡིག་ཅེས་པའི་འཕྲོར་རྟགས་ཐེལ་གདབ་བོ༑།འདིར་རང་མིང་གི་ཕྱོགས་ཀྱི་ཧུང་ཐེལ་མགོ་ཕྱི་མཐར་སྟོན་པའང་སྣང་ཟེར་ཏེ་ཞིབ་བར་མ་ངེས་ལ། རྟགས་ཐམ་ཡང༌། ཡིད་ཆེས་སྐྱེད་པ་དང༌། གསང་བའི་དོན་དང་སྐྱེས་རྟེན་ལ་རྟགས་ཐེལ་དགོས་པ་མི་ནོར་བའི་ཆེད་སོགས་མིན་པར་མི་དགོས་པ་འདྲ་ཞིང༌། ཞུ་ཤོག་གི་གཤམ་ནས་ཕྱིར་ལྟེབ་བྱེད་ལུགས་དེ་འདྲ་མི་ཆེན་ལ་པུས་བཙུགས་པ་ལྟ་བུའི་གུས་པ་མཚོན་བྱེད་དུ་ཡང་གྲགས་ཅེས་མཁས་པ་ཆེན་པོའི་གསུང་ལས་ཐོས། ཤོག་དྲིལ་འབུལ་དགོས་བྱུང་ན་ཡིག་ཕྲེང་གི་མཇུག་ཕྱོགས་ནས་དབུས་སུ་ཕྱེད་ལྟེབ་དང༌། ཅུང་ཆུང་བ་བྱེད་ན།   བཞི་ཆ་ཙམ་བལྟེབས་པའི་ཁུག་པའི་ཕྱོགས་ནས་ཡར་དྲིལ་པའི་སྣེ་ལ་རྒྱབ་ཡིག་བྲི། དེ་ལྟ་བུའི་ཡིག་དྲིལ་དེ་རྟེན་ཆས་ཀྱི་ཁ་ཐགས་ལྟ་བུས་དཀྲིས་པའི་ཕྱི་ཐུམ་གྱི་དྲིལ་ཁའང་ཆུང་ངུར་བྱས་ཏེ་སྣེ་སྦྱར་འཚམས་ལ་ཐེལ་གྱིས་མནན་པ་ལ་གོང་དུ་དབུ་ཆུང་དང་བཅས་པའི་མཚན་མཐར་ཞབས་དྲུང་དུ་ཞེས་པའི་འོག་ནས་གུས་ཕྲན་ཆེ་གེ་མོའི་ཞུ་ཡིག་ཅེས་འབྲིའོ།།
ཡང་འཕགས་པ་རིན་པོ་ཆེའི་གསུང་ལས། རང་ལས་ཆེ་ངེས་ཤེས་པ་དང༌།   །གཉན་བཙན་རྒན་ལ་དྲུང་ཞུ་ཐོབ།   །ཅེས་པ་ལྟར་གོང་སྨོས་ཀྱི་བླ་མ་སློབ་དཔོན་སོགས་ལ་བཀའ་དྲིན་དང་ཡོན་ཏན་མི་མཉམ་ཡང་རང་ལས་ཆེ་ངེས་ཤེས་པའི་ཡུལ་མང་པོ་ཞིག་ལ། ཡིག་མགོ་སོགས་རགས་ཙམ་ལས་ཆེ་བརྗོད་དང་འབྲེལ་བའི་མཚན་མཐར་དྲུང་ཞུ་སྦྱར་བ་དཔེར་ན། ༈འགྲོ་འདྲེན་མཆོག་གི་དྲུང་དུ། ཞེ་པ་ལྟ་བུའི་འོག་ཏུ་འབེབས་སོར་བརྒྱད་དམ་དྲུག་གི་ཚོད་ནས། ༈ཞུ་བ། དེང༧སྐུ་རིན་པོ་ཆེ་སོགས་སྐབས་དང་བསྟུན། ཡང་ན། ༈བསླབ་གསུམ་འཛིན་པ་མཆོག་གི་སྤྱན་སྔར་ཞེས་དང༌། འབེབས་མཚམས་གོང་བཞིན་བྱ།རང་དང་མཉམ་པ་དག་ལ།    ཆེ་བརྗོད་དང་འབྲེལ་བའི་མིང་མཐར་སྙན་དུ་འབུལ་དོན་ཞེས་འབྲི།    སྙན་འབུལ་གྱི་བར་ལ་འབེབས་སོར་བཞི་ལྔའམ་གཉིས་གསུམ་ཅི་རིགས་བྱ།   ༈རང་ལས་ཅུང་ཟད་དམའ་བ་ལ་ཡང༌། ཕྱག་ཏུ་འབུལ་དོན་སོགས་སྤྱོར་བ། དཔེར་ན། ༈མཁྱེན་ཡངས་བློ་བཟང་གི་ཕྱག་ཏུ་འབུལ་དོན་ཞེས་དང༌། ༈རིགས་སྨྲ་བློ་གྲོས་མཐའ་ཡས་ལ། འབུལ་འབྲས་ཞེས་འབྲི། གོང་འོག་ཐད་བྲིས་ཇི་ལྟར་འཚམས་པ་བྱ།   ༈དེང་ཡང་སྐུ་ཁམས་བཟང་ཞིང་ལེགས་མཛད་ཡར་ལྡན་དུ་བཞུགས་པ་གཞིར་བཅས། ངོས་ཀྱང་སྔར་རྒྱུན་བཞིན་གནས།སླད་ཆར་ཡང༌། སྐུའི་འཚོ་སྐྱོང་གཟབས་བ་ཞེས་ངོས་ཐུགས་ནང་གཤིན་པའི་རང་བཞིན་གྱི་གསུང་འཕྲོས་ཀྱང་རིམ་ཡོད་འཚལ། ལྷ་རྫས་བཅས་ཟླ་ཚེས་ལ་ཕུལ། ཞེས་པ་ལྟ་བུའོ། །དེ་དག་ཕལ་ཆེར་ལ་ཡུལ་གོང་མ་དང་ཕྱོགས་མཚུངས་ཀྱིས་བཀུར་བཟོས་དགོས་ཤིང༌། ཕྱི་མ་འགའ་ཞིག་ལ་ཕན་ཚུན་གྱི་རྣམ་པས་ཞེ་ས་དང་བཅས། ཡིག་ཤོག་གི་གོང་འོག་ནས་ཤོག་ལྷག་ཆེ་ཆུང་རན་པར་བཞག་ཀྱང་འགལ་བ་མེད་ཅིང༌། ཡིག་དྲིལ་ཧ་ཅང་མི་ཕྲ་བར་སུམ་ལྟེབ་ཟིན་ཙམ་མམ།   ཕྱེད་དང་སུམ་ལྟེབ་བྱས་པའི་ངོས་དང་པོར་རང་མིང་དང༌།   གཉིས་པར་བསྐུར་ཡུལ་གྱི་མིང་བཅས། རྟགས་ཐེལ་ཡང་གྱེན་ཐེལ་བྱས་པས་ཆོག
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号