སློབ་དཔོན་ཆེན་པོ་ལྰ་བ་པ་ནི་ཐ་སྙད་དུ་རྣམ་རྫུན་པ་ལྟར་འདོད་པའི་དབུ་མ་པ་ཡིན་པར་པཎྚི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བ་ལས་བཤད་ཅིང༌། སློབ་དཔོན་དགྲ་ལས་རྒྱལ་བའམ་ཛེ་ཏ་རི་ཡང་རྣམ་རྫུན་པ་ཡིན་པར་བདེར་གཤེགས་གཞུང་གི་རང་འགྲེལ་གྱིས་ཤེས་སོ། །སློབ་དཔོན་འདི་དག་གི་རྗེས་སུ་འབྲངས་པའི་པཎ་གྲུབ་མང་ཞིང་རང་རིག་ཁས་ལེན་པ་དང་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཁས་མི་ལེན་པ་སོགས་ཀྱི་རྣམ་བཞག་ཡང་ཕལ་ཆེར་འདྲའོ། །
སྤྱིར་འཕགས་ཡུལ་གྱི་དབུ་མ་པར་ཁས་འཆེས་པའི་པཎཊི་ཏ་རེ་གཉིས་ཀྱིས་ཀུན་གཞི་དང་རང་རིག་གཉིས་ཀ་ཁས་ལེན་པ་དང༌། འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་ཡུལ་སྣང་སྟོང་གཉིས་ཚོགས་སུ་འདོད་པའི་མཉམ་བཞག་སྣང་བཅས་སུ་ཁས་ལེན་པ་ཡང་རེ་གཉིས་བྱུང་མོད་ཀྱང༌། དེ་ཙམ་གྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་འཕགས་པའི་ཟག་མེད་མཉམ་བཞག་ཡེ་ཤེས་ལ་སྒྱུ་མ་ལྟ་བུའི་སྣང་བ་ཡོད་པར་ཁས་ལེན་པ་སོགས་སུ་མི་འགྱུར་ཏེ། དེ་འདྲའི་འཕགས་ཡུལ་གྱི་པཎཊི་ཏ་དེ་དག་གིས་ཤིང་རྟ་ཆེན་པོའི་དགོངས་པ་ཇི་ལྟ་བ་བཞིན་མ་ལོན་པའི་རང་གི་བློ་སྐྱོན་གྲུབ་མཐའ་ལ་ཞུགས་པ་ཙམ་དུ་ཟད་ཀྱི་རང་གི་གྲུབ་མཐའི་ཚུལ་ངེས་ནས་རྣམ་བཞག་བྱས་པ་མ་ཡིན་པའི་ཕྱིར། དཔེར་ན་བོད་ཀྱི་དབུ་མ་ཐལ་འགྱུར་བར་ཁས་འཆེས་པ་མང་པོ་ཞིག་གིས་མི་རིགས་པའི་རྣམ་བཞག་དུ་མ་ཞིག་བྱས་པ་རྣམས་དེ་དག་གི་བློ་སྐྱོན་ཡིན་གྱི་དབུ་མ་ཐལ་འགྱུར་པའི་ལུགས་མ་ཡིན་པར་སྨྲ་དགོས་པ་བཞིན་ནོ། །
དེའི་ཕྱིར་ལམ་རིམ་ཆེན་མོ་ལས། སྤྱིར་དབུ་མ་པར་ཁས་འཆེས་པའི་རྒྱ་བོད་ཀྱི་སློབ་དཔོན་འགའ་རེ་དེ་ལྟར་དུ་འདོད་པ་ཡོད་མོད་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པའི་དབུ་མ་པ་ཆེན་པོ་རྣམས་ཀྱི་ལུགས་ཇི་ལྟར་ཡིན་གཏན་ལ་དབབ་པར་བྱ་ཡི་ཕྲ་མོ་རྣམས་སུ་ཞིག་གིས་བཤད་པར་ནུས། ཞེས་གསུངས་པ་ཡང་རྗེ་ཐམས་ཅད་མཁྱེན་པས་རྒྱལ་བའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་པའི་ཤིང་རྟ་ཆེན་པོ་རྩོདམེད་རྣམས་ཀྱི་དགོངས་པ་གཏན་ལ་འབེབས་པ་གཙོ་བོར་མཛད་པར་བཞེད་ཀྱི། པཎྚི་ཏ་ཡིན་ཟེར་ཚང་དང་གྲུབ་པ་ཐོབ་ཟེར་ཚད་ཀྱི་ལུགས་དུ་མ་ཕྱོགས་གཅིག་ཏུ་འདྲེན་པའི་རྣམ་གྲངས་མང་པོ་གསོག་པ་ཙམ་ལ་ཐུགས་མ་དགྱེས་པའི་གསུང་དུ་སྣང་ངོ༌། །ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་ཀྱང་དྲུག་པ་ཡིད་ཀྱི་རྣམ་ཤེས་ལ་ཆར་ཕྱེ་ནས་ཕྲ་མོའི་ཆ་འགའ་ཞིག་ལ་ཀུན་གཞིའི་སྒྲས་བསྟན་པ་ནི་དབུ་མ་པ་ཆེན་པོ་འགའ་ཞིག་གིས་ཀྱང་བཤད་ལ་ཁྱད་པར་དུ་སྔགས་ཕྱོགས་ཀྱི་གཞུང་ན་མང་བར་སྣང་ངོ༌། །
བདེན་མེད་གཏན་ལ་འབེབས་ཚུལ་དང་ཐ་སྙད་ཀྱི་རྣམ་བཞག་འཇོག་ཚུལ་དེ་དག་ལ་བརྟེན་ནས་མདོའི་དྲང་ངེས་ཀྱི་དོན་འགྲེལ་ཚུལ་ལ་ཡང་ཞིབ་ཆ་མང་དུ་ཡོད་དེ། མདོ་དགོངས་འགྲེལ་གྱིས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པ་དེ་ཉིད་ཀྱིས་ཡུམ་གྱི་མདོ་ལ་སོགས་པ་རྣམས་ངེས་དོན་གྱི་མདོ་ཁོ་ནར་བསྟན་པར་བཞེད་ཅིང༌། སེམས་ཙམ་པས་བཞག་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དང་མི་འདྲ་བའི་རང་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་ནི་མདོ་དེའི་གཙོ་བོའི་དོན་དུ་བཞེད་དོ། །འོན་ཀྱང་སེམས་ཙམ་པའི་མཚན་ཉིད་གསུམ་གྱི་འཇོག་ལུགས་དེ་ཡང་རེ་ཞིག་སྟོང་ཉིད་ཕྲ་མོ་རྟོགས་མི་ནུས་ཤིང་རིམ་གྱིས་བཀྲི་དགོས་པའི་གདུལ་བྱའི་བསམ་ངོ་ལ་ལྟོས་ཏེ་མདོའི་དོན་དུ་འཇོག་པར་མཛད་དོ། །
འཁོར་ལོ་བར་པ་ལ་ཡང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བ་དང་དོན་གྱིས་སྦྱར་བ་རྣམས་ནི་སྒྲ་ཇི་བཞིན་པའི་ངེས་དོན་དང་མདོ་དེའི་ནང་དུ་དོན་དམ་པ་དང་བདེན་པའི་ཁྱད་པར་གསལ་བར་མ་སྦྱར་བར་གཟུགས་མེད་ཅེས་པ་ལ་སོགས་པས་བསྟན་པ་ནི་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བའི་དྲང་དོན་དུ་བཞེད་དོ། །དེ་དག་གི་ཚུལ་རྒྱས་པར་ནི་ལེགས་བཤད་སྙིང་པོ་ལས་ཤེས་པར་བྱ་ཞིང་ཁོ་བོས་ཀྱང་གཞན་དུ་འཆད་པར་འདོད་དོ། །
བཞི་པ་ལམ་དང་འབྲས་བུའི་རྣམ་བཞག་ནི། ཉན་རང་གཉིས་ལ་སྤངས་རྟོགས་ཀྱི་ཁྱད་པར་ཡོད་པར་བཞེད་ཅིང་དེ་ཡང་ཉན་ཐོས་ཀྱིས་ཉོན་སྒྲིབ་དང་རང་རྒྱལ་གྱིས་ཤེས་སྒྲིབ་རགས་པ་གཟུང་བ་དོན་གཞན་དུ་འཛིན་པའི་རྟོག་པ་སྤོང་བར་བཞེད་དོ། །ལམ་ནི་རིམ་པ་བཞིན་དུ་གང་ཟག་གི་བདག་མེད་ཙམ་དང་དེའི་སྟེང་དུ་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པའི་ལམ་མོ། །མངོན་རྟོགས་རྒྱན་གྱི་རྩེ་སྦྱོར་གྱི་སྐབས་སུ་རྣལ་འབྱོར་གྱི་ས་བཞིར་བྱས་ནས་དབང་པོའི་རིམ་པ་བཞི་དང་སྦྱོར་བར་སྔ་མ་དག་བཞེད་མོད་ཀྱང་རྗེ་ཡབ་སྲས་ཀྱི་དགོངས་པ་ནི། སྔོན་པོ་སྔོར་སྣང་ཤེས་པ་ལས་རྫས་ཐ་དད་ཡིན་པ་ཁེགས་ནས་སྔོར་སྣང་ཤེས་པ་སྔོན་པོ་ལས་རྫས་ཐ་དད་པ་མ་ཁེགས་པའི་གང་ཟག་གི་རིམ་པ་མི་འཐད་པས་དེ་གཉིས་ལ་རིམ་པ་གཉིས་ལྟར་བསྟན་པ་ནི་བཤད་པའི་རིམ་པ་ཙམ་ཡིན་གྱི་ཐེག་པའི་རིམ་པ་སོ་སོ་བ་མ་ཡིན་པར་བཞེད་དོ། །དེས་ན་ལུགས་འདིར་ལྟ་བ་ལ་བརྟེན་པའི་ཐེག་པའི་རིམ་པ་ནི་གསུམ་ཁོ་ན་བསྟན་ཏེ། ཆུང་ངུ་གང་ཟག་གི་བདག་མེད་ཐུན་མོང་པ་རྟོགས་པ་དང༌། འབྲིང་པོ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པར་རྟོགས་པ་དང༌། ཆེན་པོ་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའོ། །ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོས་ནི་ཡང་དག་པའི་དེ་ཁོ་ན་ཉིད་འཚོལ་བ་སྔོན་དུ་བཏང་སྟེ་དེ་ཁོ་ན་ཉིད་ལེགས་པར་ངེས་པ་ན་ལྟ་བ་ངན་པས་རྒྱུད་ཡོངས་སུ་དཀྲུགས་པའི་འགྲོ་བ་གཞན་རྣམས་ལ་སྙིང་རྗེ་ལྷག་པར་བསྐྱེད་དེ་བདག་ཉིད་གཅིག་པུས་འགྲོ་བ་མཐའ་དག་གི་དོན་བྱེད་པ་ལ་རབ་ཏུ་དཔའ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱི་སྤྱོད་པ་ལ་སློབ་པར་བྱེད་དེ། དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཅེས་སོ། །
ཐེག་ཆེན་གྱི་རིགས་ཅན་དབང་པོ་བརྟུལ་པོས་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་བདེན་པ་བཞིའི་རྣམ་པ་ཡང་དང་ཡང་དུ་བསྒོམས་པས་མྱོང་བ་ལེགས་པར་ཐོན་པ་ན་སེམས་ཅན་གཞན་དག་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བར་འཁོར་བ་དང༌། དེ་ཡང་ཆོས་ཙམ་གྱི་རྒྱུ་ལས་ཆོས་ཙམ་གྱི་འབྲས་བུ་འབྱུང་བའི་ཀུན་བྱང་གི་རྟེན་འབྲེལ་ཉེ་བར་རྟོགས་པ་ལ་བརྟེན་ནས་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་དེའི་རྗེས་སུ་སྤྱོད་པ་ལ་བསླབ་པའི་དུས་ཉིད་ནས་དེ་ཁོ་ན་ཉིད་ཤེས་པ་འཚོལ་བ་ལ་བརྩོན་པར་བྱེད་དོ། །དེ་ལྟར་ཡང་དེ་ཉིད་ལས། ཡང་དག་དད་པའི་རྗེས་འབྲངས་པ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླང་བྱས་ཏེ། །དེ་ནས་ཡང་དག་ཤེས་འཚོལ་བརྩོན། །ཞེས་སོ། །
དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པའི་ཚུལ་ལ་འབད་པ་ལས་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དང་ནང་གི་རྐྱེན་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་རྒྱུ་ཚོགས་དུ་མ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་སྐྱེས་པ་ན་སྦྱོར་བའི་ལམ་འཐོབ་པར་འགྱུར་རོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ལས་དྲོད་དང་རྩེ་མོ་གཉིས་ཀྱི་སྐབས་སུ་གཟུང་བ་བདེན་འཛིན་སྤོང་བའི་ནུས་པ་གོང་ནས་གོང་དུ་ཁྱད་ཞུགས་པར་གྱུར་ནས། བཟོད་པ་སྐྱེས་པའི་ཚེ་གཟུང་བ་བདེན་འཛིན་ལྷན་སྐྱེས་མངོན་གྱུར་གྱི་ཡང་ནུས་པ་རགས་པ་ཉམས་པར་བྱེད་པ་དང་། ཆོས་མཆོག་སྐྱེས་པའི་ཚེ་འཛིན་པ་ལ་ཡང་བདེན་ཞེན་མངོན་གྱུར་གྱི་ནུས་པ་ཉམས་པར་བྱེད་དོ། །དེ་ནས་གཉེན་པོའི་ཕྱོགས་ནུས་པ་འཕེལ་བ་དང་སྤང་བྱའི་ཕྱོགས་དབལ་ཆོག་པའི་རིམ་གྱིས་ཐེག་པ་ཆེན་པོའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་བར་ཆད་མེད་ལམ་སྐྱེས་པའི་དུས་ན་དངོས་ཀྱི་གནོད་བྱ་མཐོང་སྤངས་ཀྱི་ས་བོན་དེ་འགགས་ཤིང་གཉེན་པོའི་ལག་རྗེས་ཀྱིས་སྐྱེ་མི་རང་བའི་ཆོས་ཅན་དུ་སོང་བའི་ཚེ་སོ་སོར་བརྟགས་འགོག་ཐོབ་པ་ཡིན་པས་རྣམ་གྲོལ་ལམ་ཐོབ་པར་འཇོག་གོ། །
མཐོང་ལམ་སྐད་ཅིག་མ་གཅིག་ཏུ་བཤད་པ་ནི་དུས་མཐའི་སྐད་ཅིག་མ་མ་ཡིན་གྱི་སྟོང་པ་ཉིད་ལ་མཉམ་པར་གཞག་པའི་མཉམ་བཞག་ཐུན་གཅིག་ཡིན་ལ། དེའི་ཡང་བདེན་པ་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་སྐྱེ་བ་ཡིན་ནོ། །དེ་ནི་མཉམ་བཞག་གི་དབང་དུ་བྱས་པ་ཡིན་ལ་སྤྱིར་ན་ཤེས་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་དངོས་སུ་གཞོམ་པའི་ཆེད་དུ་སྟོང་པ་ཉིད་ལ་མངོན་སུམ་དུ་མཉམ་པར་མི་འཇོག་པ་དེ་སྲིད་ཚུན་ཆད་མཐོང་ལམ་གྱིས་བསྡུས་པར་འཇོག་གོ །
མཐོང་ལམ་གྱི་སྐབས་སུ་ཁམས་གསུམ་གྱིས་སས་བསྡུས་པའི་ཉོན་སྒྲིབ་ཀུན་བཏགས་བརྒྱ་དང་བཅུ་གཉིས་ཀྱི་ས་བོན་དང་ཤེས་སྒྲིབ་ཀུན་བཏགས་བརྒྱ་དང་བརྒྱད་ཀྱི་ས་བོན་འཇོམས་ལ། སྒོམ་ལམ་སྐོར་དགུས་བསྒོམ་སྤངས་ཉོན་མོངས་བཅུ་དྲུག་གི་ས་བོན་དང་བསྒོམ་སྤངས་ཤེས་སྒྲིབ་བརྒྱ་དང་བརྒྱད་ཀྱི་ས་བོན་རིམ་ཅན་དུ་སྤོང་བར་གསུངས་སོ། །མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་གཅིག་ཅར་དུ་སྤངས་ནས་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་གསུངས་ཏེ་དེ་དག་ནི་ཐེག་ཆེན་རིགས་ངེས་ཀྱི་རྣམ་བཞག་གོ །དེ་ལྟ་བུའི་ཆོས་ཀྱི་སྐུ་ནི་མ་རིག་བག་ཆགས་ཀྱི་ས་དང༌། མཚན་མའི་སྤྲོས་པ་ལས་བྱུང་བའི་ཟག་མེད་ཀྱི་ལུས་དང༌། ཡིད་ཀྱི་རང་བཞིན་གྱི་ལུས་དང༌། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་རྣམས་དང་བྲལ་བའི་ཕྱིར་རིམ་པ་བཞིན་དུ་གཙང་བ་དང༌། བདག་དམ་པ་དང༌། བདེ་བ་དང༌། རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །
དེ་ལྟ་ནའང་སྔོན་འགྲོ་བ་ཐམས་ཅད་བླ་ན་མེད་པའི་བདེ་བ་ལ་འགོད་པའི་ཐུགས་རྗེ་ཆེན་པོ་ཕུལ་དུ་བྱུང་བའི་མཐུ་ཡོངས་སུ་རྫོགས་པས་ཐབས་དང་ཤེས་རབ་ཀྱི་ཆ་ཤས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་རྡུལ་ཕྲ་རབ་འདུས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཁོར་བ་ཇི་སྲིད་པར་འོག་མིན་གྱི་གནས་སུ་བཞུགས་ནས་སྤྲུལ་པའི་སྐུ་སྣ་ཚོགས་པས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །དེ་ལྟར་ཡང་དབུ་མ་རྒྱན་ལས། དེས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང་ཐུགས་རྗེའི་རྡུལ་ཕྲ་རབ་འདུས་པའི་སྐུ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཕུང་པོ་མ་ལུས་པ་དང་བྲལ་བ། ཐམས་ཅད་ཀྱི་མཆོག་འཁོར་བ་ཇི་སྲིད་པར་བཞུགས་སོ། །ཞེས་གསུངས་སོ། །
འདིར་མ་བཤད་པའི་ལམ་དང་འབྲས་བུའི་ཁྱད་པར་འགའ་ཞིག་ནི་རང་རྒྱུད་པ་སྔ་མའི་སྐབས་སུ་བཤད་པ་དང་ཐལ་འགྱུར་བའི་སྐབས་སུ་ཡང་འཆད་པར་འགྱུར་བ་རྣམས་ལས་ཤེས་པར་བྱ་ཞིང༌། མངོན་རྟོགས་རྒྱན་གྱི་འགྲེལ་བ་འགྲེལ་བཤད་རྣམས་ལས་རང་རྒྱུད་པ་འདི་པའི་ལུགས་ཀྱི་ལམ་གྱི་རིམ་པའི་རྣམ་བཞག་ནི་ཤིན་ཏུ་རྒྱས་པར་གསུངས་པར་ད་ལྟ་ཡང་ཕྱོགས་ཐམས་ཅད་དུ་གྲགས་ཆེ་བ་ལྟར་རོ། ། 20/47 མདུན་ངོས། 上一页 18 19 20 21 22 23 下一页 尾页 |