ཞར་བྱུང་རུང་ཁང་གཅོད་ཚུལ་ནི།རུང་ཁང་གཅོད་པའི་གནས་མ་ཡིན་པ་ནི།ཤིང་དྲུང་།གླང་པོ་ཆེའི་རྭ་བ།མུ་སྟེགས་ཅན་གྱི་འདུག་གནས།རྒྱལ་པོའི་ཕོ་བྲང་དགེ་སློང་མའི་དབྱར་ཁང་། གཙུག་ལག་ཁང་གི་བང་རིམ།སྒོ་ཁང༌།ཁྱམས།བསྲོ་ཁང༌།དཔོང་སའི་རྭ་བ་སྟེ་བཅུའོ། རུངཁང་ལ།བ་གླང་ལྷས་ལྟ་བུའི་རུང་ཁང༌།རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་། སེམས་བསྡུས་པའི་མཐའ་ལས་བྱུང་བའི་རུང་ཁང༌།ལས་ཀྱི་མཐའ་ལས་བྱུང་བའི་རུང་ཁང༌།འཕྲལ་གྱི་རུང་ཁང་སྟེ་ལྔའོ། །རྒྱུ་མཐུན་ཟག་པ་འདོར་ཚུལ་གྱི་སྐོར་རྣམས་ནི་གོ་སླའོ། །གསུམ་པ་ཐམས་ཅད་ལ་མཁོ་བ་ལས་ཀྱི་གཞི་ལ།ཆོ་གའི་ཁྱད་པར་ནི།བློ་མཐུན་གྱི་གཞི་དགེ་འདུན།བརྗོད་པར་བྱེད་པའི་ལས་མཁན། གང་ལ་བསྒྲུབ་པའི་སྒྲུབ་བྱ་སྟེ།ལས་འཆགས་པའི་གཞིའི་ཡན་ལག་གསུམ། བསམ་པའི་ཡན་ལག་ལས་དེ་རུང་བའི་མཚན་ཉིད་དུ་འདུ་ཤེས་པ་དང༌། སེམས་ཅན་ལ་བྱེད་ཚེ་སྒྲུབ་བྱས་ཀྱང་ལས་དེ་བྱས་སོ་སྙམ་དུ་འདུ་ཤེས་པ་སྟེ་གཉིས་སོ།།
ལས་བྱེད་པའི་ངོ་བོའི་ཡན་ལག་ལ། བརྗོད་པ་ཚང་བ།བརྗོད་པ་མ་ནོར་བ། བརྗོད་པ་མ་འཁྲུགས་པ་སྟེ་གསུམ། བརྗོད་པ་ཚང་བ་ནི།གསོལ་བ་འབའ་ཞིག་པའི་ལས་ལ་གསོལ་བ་ཚང་བ། གསོལ་གཉིས་ཀྱི་ལས་ལ་གསོལ་བ་གཅིག་དང་བརྗོད་པ་གཅིག་ཚང་བ། གསོལ་བཞིའི་ལས་ལ་གསོལ་བ་གཅིག་དང་བརྗོད་པ་གསུམ་ཚང་བ་སྟེ་གསུམ་མོ། །བརྗོད་པ་མ་ནོར་བ་ལ།གོ་རིམ་མ་ནོར་བ། རིགས་མ་ནོར་བ།མ་བུ་མ་ནོར་བ་སྟེ་གསུམ།བརྗོད་པ་མ་འཁྲུགས་པ་ལ།སྤྱོད་ལམ་མ་འཁྲུགས་པ།ལས་ཀྱི་གོ་རིམ་མ་འཁྲུགས་པ། ཚིག་མ་འཁྲུགས་པ་སྟེ་གསུམ་མོ། །ལས་ཐོས་པ་ཉམས་སུ་མྱོང་བའི་ཡན་ལག་ལ།གང་ཟག་གང་གིས་ཉམས་སུ་མྱོང་བ།ཚད་ཇི་ཙམ་དུ་ཉམས་སུ་མྱོང་བ། ཤེས་པ་གང་གིས་ཉམས་སུ་མྱོང་བ་སྟེ་གསུམ་མོ། །ལས་ཀྱི་དབྱེ་བ་ལ།ལས་བརྒྱ་རྩ་གཅིག་སྟེ། གསང་སྟོན་བསྒོ་བའི་ལས།དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་གསོལ་བའི་ལས། གསོ་སྦྱོང་གི་ཚེ་སོ་ཐར་གྱི་མདོ་འདོན་པར་གསོལ་བའི་ལས།དེའི་ཚེ་དགེ་འདུན་གྱི་ལྟུང་བ་ཐུན་མོང་བ།ལྟུང་བ་ཡིད་གཉིས་ཅན།ལྟུང་བའི་ཕྱིར་རྩོད་པ། ལྟུང་བར་ངེས་ཀྱང་གང་ཡིན་མ་ངེས་པ་སྟེ་བཞི་ལ་བྱིན་གྱིས་བརླབ་པར་གསོལ་པའི་ལས་བཞི།དགག་དབྱེའི་ལས།དེའི་དུས་ཀྱི་ལྟུང་བ་བཞིའི་བཞི།དབྱར་ཁས་ལེན་དང་ཚུལ་ཤིང་བྲིམས་པར་གསོལ་བའི་ལས།ཤི་བའི་རྫས་དང་དེའི་ནོར་འདྲ་བ་བྱིན་གྱིས་བརླབ་པར་གསོལ་བའི་ལས། སྲ་བརྐྱང་གཏད་པ་དང་རས་ཡུག་ཆེན་སྦྱིན་པའི་ལས། སྡིག་ལྟ་ཅན་གྱི་གནས་ངན་ལེན་བརྗོད་པ་པོ་བསྒོ་བའི་ལས།ཞལ་ཏ་བར་བཤེས་ངོར་འཕྱ་བ།ཟུར་གྱིས་འཕྱ་བ། བསྒོ་བ་རྣར་གཟན་པ།ཅང་མི་སྨྲ་བས་རྣར་གཟན་པ་ལ་ངན་པའི་གྲངས་སུ་གཞུག་པའི་ལས་བཞི། ཁྱིམ་པ་དབུལ་པོའི་ཟས་མི་ལེན་པར་བསླབ་པ་སྟེར་བའི་ལས།དེ་བཤིག་པའི་ལས།ལྷུང་བཟེད་ཁ་སྦུབ་པའི་ལས། དེའི་ཁ་བསླང་བའི་ལས་ཏེ་གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞི།གསོ་སྦྱོང་གི་གནས་ལ་བློ་འཐུན་བྱས་པའི་ལས། འཚམས་ཆེ་ཆུང་གཅོད་པའི་ལས། འཚམས་པོ་ཆེའི་ནང་དུ་ཆོས་གོས་དང་མི་འབྲལ་བར་གནང་བའི་ལས།སྨྱོས་པའི་གནང་བ་སྦྱིན་པའི་ལས། དགག་དབྱེ་བྱེད་པ་བསྐོ་བའི་ལས།གནས་མལ་སྟོབ་པ་བསྐོ་བའི་ལས།རུང་ཁང་བྱིན་བརླབ་ཀྱི་ལས། སྲ་བརྐྱང་ལ་བློ་འཐུན་བྱས་པའི་ལས། སྲ་བརྐྱང་གདིང་བ་པོ་བསྐོ་བའི་ལས།སྦོང་བ་པོའི་ཞལ་ཏ་བ་བསྐོ་བའི་ལས།ལག་གི་བླ་བསྐོ་བའི་ལས།གནས་ཁང་བསྐོ་བའི་ལས།ཟས་ལ་བསྐོ་བའི་ལས།ཐུག་པ་ལ་བསྐོ་བའི་ལས། བག་ཆོལ་འབྲིམ་པར་བྱ་བའི་ལས།ཕྲན་ཚེགས་འབྲིམ་པའི་ལས། སྣོད་སྤྱད་འདྲུབས་པའི་ལས།གོས་འགྱེད་པའི་ལས།དབྱར་གྱི་རས་ཆེན་སྦེད་པའི་ལས།དབྱར་གྱི་རས་ཆེན་འགྱེད་པའི་ལས།མངག་གཞག་བསྐོ་བའི་ལས།མཛེས་འཆོས་བསྐོ་བའི་ལས།རྩོད་པ་འདུམ་པོ་གཟུ་བོ་བསྐོ་བའི་ལས།གསལ་བ་བསྐོ་བའི་ལས།།རྩོད་པ་སྦེད་པ་པོ་བསྐོ་བའི་ལས། རྩོད་པ་ཤེས་སླད་ཚུལ་ཤིང་འབྲིམ་པ་བསྐོ་བའི་ལས། ཁང་པའི་གཞི་རུང་བ་བསྟན་པའི་ལས།ཁང་ཆེན་གྱི་གཞི་རུང་བ་བསྟན་པའི་ལས།ཁྱིམ་པ་སུན་འབྱིན་པ་ལ་ཆོས་མིན་པ་མང་པོ་གླེང་བ་བསྐོ་བའི་ལས། རྒན་པོ་དང་ནད་པ་ལ་ཆོས་གོས་དང་མི་འབྲལ་བར་གནང་བ་སྦྱིན་བའི་ལས།ལག་གི་བླ་ལ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི་གནང་བ་སྦྱིན་པའི་ལས།འབྲེལ་མེད་ལྷུང་བཟེད་འབྲིམ་པ་པོ་བསྐོ་བའི་ལས། སྡིག་ལྟ་ཅན་ཁྱིམ་སོ་སོར་གོ་བར་བྱེད་པ་པོ་བསྐོ་བའི་ལས།དགེ་སློང་མའི་སྟོན་པ་བསྐོ་བའི་ལས།ནགས་ཉུལ་བ་བསྐོ་བའི་ལས།གནས་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མས་ཕྱག་མི་བྱ་བར་སྡོམ་པ་སྦྱིན་པའི་ལས།ལོ་བཅུ་གཉིས་ལོན་ཅིང་འཁོར་སྐྱོང་ནུས་པའི་དགེ་སློང་མ་ལ་འཁོར་འཇོག་པའི་གནང་བ་སྦྱིན་པའི་ལས། འཁོར་མང་པོ་འཇོག་པའི་གནང་བ་སྦྱིན་པའི་ལས།རྒན་པོ་དང་ནད་པ་ལ་འཁོར་བའི་གནང་བ་སྦྱིན་པའི་ལས།དྲ་བའི་གནང་བ་སྦྱིན་པའི་ལས། གསོ་སྦྱོང་ཐ་དད་པའི་གཙུག་ལག་ཁང་གི་རྙེད་པ་གཅིག་ཏུ་བྱ་བའི་ལས། དགེ་སློབ་མའི་སྡོམ་པ་སྦྱིན་པའི་ལས།ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་ལས། དགེ་སློབ་མ་བུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པའི་ལས།མུ་གེའི་ཚེ་དགེ་སློང་མ་ཉེ་དུའི་ཁྱིམ་དུ་འགྲོ་བའི་གནང་བ་སྦྱིན་པའི་ལས།དབྱར་འཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པའི་ལས་ཏེ་གསོལ་གཉིས་ཀྱི་ལས་བཞི་བཅུ་ཞེ་བདུན་ནོ༑ ༑བསྙེན་པར་རྫོགས་པའི་ལས།མུ་སྟེགས་ལ་གནས་པ་སྦྱིན་པའི་ལས།འཚམས་ཆེ་ཆུང་དགྲོལ་བའི་ལས།ཕན་ཚུན་འཐུན་པ་སྦྱིན་པའི་ལས། འཐུན་པའི་གསོ་སྦྱོང་སྦྱིན་པའི་ལས།ནན་ཏུར་བྱ་བའི་ལས།ནན་ཏུར་ལ་བཟོད་པ་གསོལ་བའི་ལས།སྤོ་བ་དང་མགུ་བའི་ལས་དྲུག དབྱུང་བའི་ལས།སྲ་བརྐྱང་དབྱུང་བའི་ལས།དྲན་པའི་འདུལ་བ་སྦྱིན་པའི་ལས།སྨྱོས་པའི་འདུལ་བ་སྦྱིན་པའི་ལས།ངོ་བོ་ཉིད་འཚོལ་དུ་གཞུག་པའི་ལས།དགེ་འདུན་དབྱེན། དེ་རྗེས་ཕྱོགས།ཁྱིམ་སུན་འབྱིན།བཀའ་བློ་མི་བདེ་བ།སྡིག་ལྟ་མི་གཏོང་བ།གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ། དཀོན་མཆོག་གཏོང་བའི་དགེ་སློང་མ།འཐབ་ཀྲོལ་བྱེད་པ།བདེ་ཞིང་གནས་པ།བདེ་ཞིང་གནས་སུ་འཇུག་པ་སྟེ་བཅུ་ལ་བཟློག་པ་བསྒོ་གྱུར་བྱེད་པའི་ལས་བཅུ།སྡིག་ལྟ་མི་གཏོང་བའི་དགེ་ཚུལ་བསྙིལ་བའི་ལས།ཉམས་པ་ལ་བསླབ་པ་སྦྱིན་པའི་ལས་ཏེ་གསོལ་བ་དང་བཞིའི་ལས་སུམ་ཅུ་རྣམས་བསྡོམས་པས་བརྒྱ་རྩ་གཅིག་གོ། །གཞན་ཡང་དགེ་འདུན་དབྱེན་སྤང་བ་དང༌།གང་ཟག་རླབས་པོ་ཆེ་བསྟན་པ་ལ་འཇུག་པའི་དོན་དུ་བག་ཡངས་ཀྱི་ལས་བྱ་བ་དང༌། བསྟན་པ་འཕེལ་བར་བྱེད་པའི་དོན་དུ་བག་ཡངས་ཀྱི་ལས་བྱ་བ་དང༌། མདོ་སྡུད་པ་པོ་བསྐོ་བའི་ལས་སོགས་གསོལ་བ་དང་བཞིའི་ལས་དུ་མ་དང༌། ཆོས་གོས་བྱིན་བརླབ།གསོ་སྦྱོང་བྱིན་བརླབ།སྨན་བྱིན་བརླབ་སོགས་མང་དུ་ཡོད་དོ། ། 10/11 མདུན་ངོས། 上一页 8 9 10 11 下一页 尾页 |