མཚན་རྒྱས་པར“བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང”ཞེས་ཞུ། གྲ་ཕྱི་ཚོང་འདུས་ཚོགས་པ་ནས་སྤྱི་ལེ་གསུམ་ལྷག་ཙམ་སྣུམ་ནག་འཁོར་ལོ་བརྒྱུད་ཤར་དུ་སོང་ན་འཁོར་ལམ་འོག་ཏུ་བསམ་ཡས་གྲུ་ཁ་ཡོད། དེ་ནས་གློག་གྲུར་བསྡད་དེ་ཆུ་ཚོད་གཉིས་ལྷག་སོང་མཚམས་ཟུར་མཁར་གྲུ་ཁར་འབྱོར། ཟུར་མཁར་གྲོང་སྣེ་རྫོགས་མཚམས་རི་འབུར་ཞིག་སྟེང་ནམ་མཁའ་ལྡིང་ཞེས་གུ་རུའི་ཞབས་རྗེས་ཡོད་པའི་ལྷ་ཁང་ཞིག་གི་རྗེས་ཤུལ་དང༌། རྒྱལ་པོས་གུ་རུར་སྐུ་ཕྱག་མ་ཕུལ་བའི་མཐོལ་བཤགས་སུ་བཞེངས་པའི་རྡོ་ཡི་མཆོད་རྟེན་ལྔ་པོ་ཉམས་གསོ་ཞུས་པ་རྣམས་མཇལ་བཞིན་སྤྱི་ལེ་བཅུ་གསུམ་ཙམ་འཁོར་ལམ་བརྒྱུད་སོང་ན་བསམ་ཡས་གྲོང་དབུས་སུ་དགོན་དེ་ཆགས་པ་རྒྱང་རིང་ནས་མཇལ་ཐུབ། བསམ་ཡས་ཞེས་པ་ནི་ཐོག་མར་རྒྱལ་པོས་གཙུག་ལག་ཁང་དེ་ལྟ་བུ་ཞིག་བཞེངས་ཐུབ་པ་ཐུགས་སུ་མེད་ཀྱང་རྗེས་སུ་གཞི་རྒྱ་ཆེན་པོ་དེ་ལྟ་བུ་ཞིག་འགྲུབ་སྟབས་རྒྱལ་པོའི་དགོངས་པ་ལས་ཡས་པས“བསམ་ཡས”ཞེས་པའི་མཚན་དེ་ལྟར་བྱུང༌། དེའང་ཆོས་རྒྱལ་གྱིས་བློན་པོ་རྣམས་ལ་ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་བརྩིག་གམ། ཧས་པོ་རི་ཟངས་ཀྱིས་བཏུམས་སམ། ཀ་ཅུ་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དགུ་བཅུ་བྱས་པ་བྲུས་སམ། ལྷ་ཁང་བྲེ་ཚད་གང་བརྩིག་པ་སོགས་གདམ་དུ་བཅུག་པས་བློན་པོ་འགོས་སོགས་ཀྱིས་ལྷ་ཁང་བྲེ་ཚད་ཙམ་ཞིག་བརྩིག་པར་ཞུས། རྒྱ་ཁྱོན་ནི་བཙན་པོའི་མདའ་རྒྱང་གང་གི་ཚད་ཡིན་གསུངས་ཏེ་སྤྱི་ལོའི་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་ཞི་བ་ཚོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་དེ་བཞེངས་པ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བཞེངས་མ་བཅུག་སྟབས་སླར་ཡང་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་ཏེ་གཙུག་ལག་ཁང་མ ལ་ཚོམ་བུར་དཔེ་བྱས་འདྲ་ཞེས་པ་དེ་བཞེངས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། མཁན་ཆེན་བྷོ་ཏི་སྭ་ཏོ། སློབ་དཔོན་པད་མ་འབྱུང་གནས་བཅས་མཁན་སློབ་ཆོས་གསུམ་ཞེས་པའང་དེ་ནས་བྱུང༌། བོད་མི་བདུན་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་ཞེས་སུ་གྲགས། དེ་ནས་བཟུང་གཅུག་ལག་ཁང་དེར་བསླབ་སྡོམ་སྲུང་བའི་དགེ་འདུན་ཡོད་པ་མ་ཟད་རྟེན་དང་བརྟེན་པ་བཅས་ཆ་ཡོངས་སུ་ཚང་བས་བོད་དུ་ནང་པ་སངས་རྒྱས་པའི་དགོན་པ་ཨང་དང་པོར་གྱུར། དགོན་དེའི་དབྱིབས་ནི་དབུ་རྩེ་རྩེགས་གསུམ་ཡོད་པ་ལ་བོད་ཆོས་ལ་དད་པ་རྣམས་དགའ་བ་སྐྱེ་བའི་ཕྱིར་འོག་ཁང་བོད་ལུགས། ཞང་པོ་རྒྱ་ཡིན་པས་བར་ཁང་རྒྱ་ནག་ལུགས། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས་སྟེང་ཁང་རྒྱ་གར་ལུགས། དེའི་ནང་ཆོས་རྒྱལ་གྱི་མནལ་ལམ་དུལུང་བསྟན་བྱུང་བ་ལྟར་བསམ་ཡས་ཧས་པོ་རི་ནས་གདན་དྲངས་པའི་རྡོ་སྐུ་རང་བྱོན་མ་གཙོ་བོར་གྱུར་པའི་རྟེན་གསུམ་ཁྱད་དུ་འཕགས་པ་དག་བཞུགས། མཐའ་འཁོར་དུ་སྒོ་བཞི་ཡོད་པ་ནི་ཤར་སྒོ་འཇམ་དཔལ་གླིང༌། ལྷོ་སྒོ་རྟ་མགྲིན་གླིང༌། ནུབ་སྒོ་བྱམས་པ་གླིང༌། བྱང་སྒོ་སེམས་སྐྱེད་གླིང་བཅས་དེ་དག་རེ་རེ་ལའང་ལྷ་ཁང་རེ། ད་དུང་ལྕགས་རིའི་ཕྱི་ལའང་ཁམས་གསུམ་གཟའ་ཁང་གླིང༌། དགེ་རྒྱས་ལི་མའི་གླིང༌། བུ་ཚལ་གསེར་ཁང་གླིང༌། ཕུན་ཚོགས་འོད་འབར་གླིང༌། ཟིལ་གནོན་གླིང༌། བདུད་རྩི་གླིང༌། གསང་མཛོད་གླིང་སོགས་གཞི་རྒྱ་ཆེན་པོ་དེ་ལྟ་བུ་བྱུང་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་ཀླུ་མེས་སོགས་ཀྱིས་ཆོས་འཆད་ཉན་ཤིན་ཏུ་དར་བ་དང༌། ཇོ་བོ་ཨ་ཏི་ཤས་གནས་དེར་རྒྱུད་ཀྱི་པོ་ཏི་མང་པོ་གཟིགས། རྭ་ལོ་ཙཱ་བས་ཉམས་གསོ་རྒྱ་ཆེར་མཛད། ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་རབ་ཆུང་གྲྭ་ཚང་འཛུགས་གནང་མཛད། གཞན་ཡང་ས་དགེ་བཀའ་རྙིང་དང་བཅས་པའི་བླ་ཆེན་དང་དད་ལྡན་མང་པོ་ཉམས་གསོ་རིམ་པར་བྱས། ལྷག་ཏུ་རྒྱལ་བ་སྐལ་བཟང་རྒྱ་མཚོས་རང་གི་ཡབ་བསོད་ནམས་དར་རྒྱས་ངོ་མར་འགན་བསྐུར་ཏེ་ཉམས་གསོ་གནང་བ་དང༌། དེ་བཞིན་དེ་མོ་རྒྱལ་ཐོག་དང༌། རྟ་ཚག་རྒྱལ་ཐོག རྭ་སྒྲེང་རྒྱལ་ཐོག་བཅས་ཀྱི་སྐབས་ལའང་ཉམས་གསོ་དང་རྒྱ་སྐྱེད་གནང་ཡོད།
ད་ལྟ་ཉམས་གསོ་ཞུས་པའི་གཙུག་ལག་ཁང་ནང་ཇོ་བོ་བྱང་ཆུབ་ཆེན་པོའི་དབུ་ལ་ཉམས་ཆགས་བྱུང་བ་ལས་སྔོན་གྱི་དེ་རང་དང་དེར་གསར་བཞེངས་བྱང་ཆུབ་སེམས་དཔའ་བཅུ་ཡིས་བསྐོར་བ། ལྷ་སྲས་མུ་ཁྲི་བཙན་པོའི་དད་པའི་རྟེན་དུ་བཞེངས་པའི་གུ་རུ་ང་འདྲ་མ། དགེ་སློང་ནམ་མཁའི་སྙིང་པོའི་ཕྱག་བཟོ་བ་ཀོང་ལས་གྲུབ་པའི་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་དང༌། གཞན་ཡང་མཁན་ཆེན་ཞི་བ་འཚོའི་དབུ་ཐོད། གུ་རུ་རིན་པོ་ཆེས་གུང་ཐང་ལ་ལ་བཞག་གནང་བའི་ཞབས་རྗེས་གཡོན་མ། ལྷ་འདྲེ་བཀའ་ཐང༌། སྟོད་ལུང་ལྷ་ཆུ་བཏོན་གནང་བའི་ཕྱག་འཁར། གུ་རུའི་དབུ་སྐྲ་ལིའུ་བདུན་བཞུགས་པའི་གཡུ་ཡི་གཟུ་འཛམ་གླིང་གཡས་བཞག ལོ་ཆེན་བེ་རོ་ཙ་ན་དང༌། པཎ་ཆེན་བི་མ་ལ་མི་ཏྲའི་ཕྱག་འཁར། ད་དུང་བསམ་ཡས་ལྕོག་ཏུ་གུ་རུའི་ཕྱག་བཟོ་སྲིན་བུའི་རྒྱལ་པོ་ནམ་མཁའ་མགྲིན་བཅུའི་པགས་པ་ལས་བཟོས་པའི་པེ་ཧར་རྒྱལ་པོའི་སྐུ་བརྙན། འཛམ་གླིང་སྲོག་བདག་གནོད་སྦྱིན་བྱེ་བ་འབུམ། སེང་འབག་སྨུག་ཆུང་སོགས་རྟེན་རྙིང་དང༌། གསར་བཞེངས་མཆོད་རྟེན་དཀར་དམར་སྔོ་ནག་སོགས་ཀྱང་མཇལ་རྒྱུ་ཡོད། |