1959ལོར་ལྷོ་ཁ་བཅིངས་འགྲོལ་མ་བཏང་གོང་ལ་མངའ་བདག་ཆེན་པོ་གསུམ་དང་མངའ་ཚབ་ཀྱི་བུ་ཕྲུག་ཀྱང་དགོན་སྡེ་བརྒྱུད་དེ་རྒྱུན་སྲོལ་གྱི་སློབ་གསོ་མྱོང་བ་ཙམ་ལས་སློབ་གྲྭ་ཟེར་བ་ཅིག་ཀྱང་མེད། བོད་ཀྱི་ཆོས་སྲིད་ཟུང་སྦྲེལ་གྱི་ལམ་ལུགས་འོག་ཏུ་ངལ་རྩོལ་མི་དམངས་ལ་སློབ་གསོ་མྱོང་སྐལ་མེད་པས་ཞིང་འབྲོག་གི་ཁྲོད་དུ་ཡིག་རྨོངས་པ་བརྒྱ་ཆ་90ཡན་ཟིན་གྱི་ཡོད།

1951ལོར་བཅིངས་འགྲོལ་བཏང་རྗེས་ལྷོ་ཁའི་སློབ་གསོའི་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཞིང༌། 1956ལོར་སྣེ་གདོང་རྫོང་དུ་ལྷོ་ཁའི་སློབ་ཆུང་དང་པོ་བཙུགས་ཤིང༌། དེ་ནས་ལོ་ངོ་40ལྷག་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད། ལྷོ་ཁ་ཁུལ་དུ་བྱིས་གསོ་ཁང་དང༌། སློབ་ཆུང༌། སློབ་འབྲིང༌། འབྲིང་རིམ་དགེ་འོས། ལས་རིགས་སློབ་འབྲིང་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་མ་ལག་བཙུགས།
1997ལོར་སླེབས་སྐབས་ཁུལ་ཡོངས་སུ་སློབ་མ་410ཙམ་ཟིན་པའི་དགེ་འོས་སློབ་གྲྭ་གཅིག་དང༌། སློབ་མ་ 150ཙམ་ཟིན་པའི་ལས་རིགས་སློབ་འབྲིང་གཅིག སློབ་མ་བསྡོམས་6120ཟིན་པའི་སློབ་འབྲིང་དཀྱུས་མ་15སློབ་མ་བསྡོམས་38606ཟིན་པའི་སློབ་ཆུང་དཀྱུས་མ་595བཅས་ཡོད་པ་དང༌། སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱད་ཆ་86.1ཟིན་ཡོད། 1985ལོ་ནས་བཟུང་སྟེ་སློབ་མ་200ཙམ་ནང་སའི་བོད་ལྗོངས་འཛིན་གྲྭར་འདེམས་མངགས་བྱེད་བཞིན་ཡོད་ཅིང༌། ཁུལ་ཡོངས་སུ་བོད་རིགས་ཀྱིས་གཙོ་བྱས་པའི་དགེ་རྒན་ལས་རིགས་པ་2069ཡོད་པ་ལས་ཆེད་ལས་དགེ་རྒན་1856ཟིན་པས་དགེ་རྒན་སྤྱིའི་བསྡོམས་གྲངས་ཀྱི་བརྒྱ་ཆ་89.7ཟིན་ཡོད་པ་དང༌།ཡོན་ཚད་ངེས་ཅན་ལྡན་པའི་དགེ་རྒན་1182ཡོད་པ་དེས་དགེ་རྒན་ཡོངས་ཀྱི་བསྡོམས་གྲངས་ཀྱི་བརྒྱ་ཆ་57.1ཟིན་ཡོད་པ་རེད།
1984ལོ་ནས་བཟུང་སྟེ་སློབ་གསོའི་སྡེ་ཁག་རིམ་པ་ཁག་གིས་དར་མའི་སློབ་གསོ་ཤུགས་ཆེན་སྤེལ་རིང༌། གྲོང་ཚོ་མང་ཆེ་བར་མཚན་མོའི་སློབ་གྲྭ་དང༌།ཡིག་རྨོངས་སེལ་བའི་འཛིན་གྲྭ། ལས༌རིགས་ལག་རྩལ་གསོ་སྦྱོང་བྱེད་གནས་སོགས་གཉེར་བའི་རྣམ་པ་གསར་པ་ཐོན༌པ་དང༌། ཁུལ་ཡོངས་སུ་ཡིག་རྨོངས་སེལ་ཚད་བརྒྱ་ཆ་65ཟིན་ཡོད།
ལྷོ་ཁ་ཁུལ་གྱིས་མི་རིགས་ཀྱི་སྐད༌ཡིག་ལ་མཐོང་ཆེན་པོ་བྱས་པ་དང༌། སློབ་གྲྭ་ཆུང་འབྲིང་ནས་འགོ་བརྩམས་ཏེ་སྦྱོང་སྤྱོད་སྤེལ་གསུམ་ཡག་པོ་བྱས་པ་དང་དུས་མཚུངས་དམངས་བཙུགས་སློབ་གྲྭ་1595ཡི་དགེ་རྒན་གཞུང་བཙུགས་དགེ་རྒན་དུ་བསྒྱུར་པས་མང་ཚོགས་ཀྱི་འཁུར་པོ་ཡང་དུ་སོང་བ་དང༌། དགེ་རྒན་གྱི་ཧུར་སེམས་ཇེ་ཆེར་སོང་བ་རེད།
ལྷོ་ཁའི་སློབ་གསོར་གྲུབ་འབྲས་ཆེན་པོ་ཐོབ་དོན་ནི་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་བྱས་པའི་དབང་གིས་ཡིན། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 1970ལོ་ནས་1995ལོ་བར་ལྷོ་ཁའི་སློབ་གསོར་རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན། རང་སྐྱོང་ལྗོངས་བཅས་ཀྱིས་མ་དངུལ་སྒོར་21380བཞག་པ་དང༌། 1990ལོ་ནས་1997ལོའི་ཟླ་8པ་བར་ལོ་རེར་སློབ་གསོའི་གྲོན་དངུལ་བརྒྱ་ཆ་6རེ་རིམ་འཕར་བྱུང་ཡོད་དོ། |