༄༅། །དེ་ཡང་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ། མདོ་སྔགས་བསྟན་པའི་འབྱུང་གནས། དགེ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་ཀུན་ནས་འཁྱིལ་བའི་གླིང་ནི། འཛམ་གླིང་འཛིན་མའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ཞེས་འབོད་པ་དེའི་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པ་ན་གངས་ཅན་གྱི་ལྗོངས་ཆེན་མོ།དེ་ལ་ཡང་བོད་དང་བོད་ཆེན་པོ་གཉིས་སུ་དབྱེ་བའི་བོད་ཆེན་པོ་ཁོངས་གཏོགས། ཆོ་ག་གསུམ་དུ་དབྱེ་བའི་མདོ་སྨད་དུ་གྲགས་པའི་ནང་ཚན། གནའ་དུས་གེ་སར་རྒྱལ་པོས་བསང་བཏང་བའི་དབང་གིས་བསང་གཞུང་དུ་མིང་ཆགས་པར་གྲགས་ཤིང་། བཀའ་གདམས་གླེགས་བམ་སོགས་ལས་སྤང་སེར་པོ་གསེར་གྱི་མཎྡལ་ཞེས་གསལ་བར་བསྟན་པའི་བསང་གཞུང་གི་ཉེ་འདབས་སུ། དགེ་བཅུའི་ཡོན་ཏན་མཐའ་དག་ཡོངས་སུ་ཚང་ཞིང་། ཕྱོགས་དང་ཕྱོགས་མཚམས་སུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་ཉེ་བར་མཛེས་པ་། ཚད་མའི་སྐྱེས་བུ་དུ་མས་ལུང་བསྟན་མེ་ཏོག་དཀར་པོ་ཆར་དུ་བསྙིལ་བའི་སྙན་པ་མངོན་པར་མཐོ་བ། སྔར་ནས་རང་ཆས་སུ་གྲགས་པའི་མིང་ལ་བཀྲ་ཤིས་འཁྱིལ་ཞེས་གྲགས་པའི་གནས་མཆོག་དེར། རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་དང་སྒོ་ཀུན་ནས་མཚུངས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་རིང་ལུགས་འཛིན་སྐྱོང་སྤེལ་བར་བྱེད་པའི་མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་ན་མཁས་བཙུན་བཟང་པོའི་རྣམ་ཐར་གྱི་གདེངས་ཀ་མངོན་པར་བརྗིད་ཅིང་འཆད་རྩོད་རྩོམ་པའི་འཕྲིན་ལས་ཉི་ཟླའི་འོད་ཀྱིས་ནོར་འཛིན་ཡངས་པའི་ཁྱོན་ཀུན་མངོན་པར་ཁྱབ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་བོ་དེ་ཉིད་དགུང་གྲངས་རེ་གཉིས་བཞེས་པའི་ལོར། དེ་ཡང་སྟོན་པའི་འཁྲུངས་ལོ་ལ་མི་མཐུན་པ་མང་ཡང་བུ་སྟོན་དང་མཁས་གྲུབ་རྗེ་སོགས་ཀྱིས་མེ་རྟ་དང་། ཕུག་ལུགས་པ་དག་གིས་ལྕགས་སྤྲེལ་ཡིན་པར་བཤད་པ་གཉིས་གྲགས་ཆེ་ལ། མེ་རྟའི་དབང་དུ་བྱས་ན་སྟོན་པ་འདས་ནས་ཉིས་སྟོང་བཞི་བརྒྱ་ཉག་མ་བརྒྱད་ཅུ་འདས་པའིི་གྱ་གཅིག་ས་བྱི་ལ་ཀུན་མཁྱེན་རིན་པོ་ཆེ་སྐུ་བལྟམས། ཉིས་སྟོང་ལྔ་བརྒྱ་ཉག་མ་ཞེ་ལྔ་པ་ས་གླང་དང་། ལྕགས་སྤྲེལ་གྱི་དབང་དུ་བྱས་ན་ཉིས་སྟོང་ལྔ་བརྒྱ་ཉག་མ་ཉེར་གཅིག་འདས་པའི་ཉེར་གཉིས་ས་བྱི་ལ་འཁྲུངས་ནས་ལྔ་བརྒྱ་གྱ་གཅིག་འདས་པའི་ས་གླང་གཉིས་ལས་ཡོངས་གྲགས་ལ་རབ་བྱུང་བཅུ་གཉིས་པའི་ས་གླང་སྤྱི་ལོ ༡༧༠༩ ལོར་དགོན་སྡེ་འདི་ཉིད་གསར་འདེབས་ཀྱི་མགོ་བརྩམས།ཕྱིས་སུ་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱིས་གྲྭ་ཚང་གཞན་རྣམས་ཕྱག་འདེབས་མཛད་དེ་ཆོས་སྡེ་ཆེན་པོ་འདི་ཉིད་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་བསོད་ནམས་གྱི་ཞིང་ས་གཅིག་བུར་གྱུར།
ཆོས་སྡེ་ཆེན་པོ་འདི་ལའང་རྨད་བྱུང་ཐོས་བསམ་གླིང་དང་།དཔལ་ལྡན་རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་ཨེ་ཝམ་ཆོས་འཁོར་གླིང་། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་། ཀྱེ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་། རྒྱུད་སྟོད་གྲྭ་ཚང་གསང་ཆེན་རྡོ་རྗེ་གླིང་སྟེ་མདོ་སྔགས་གཉིས་གྱིས་བསྡུས་པའི་བཤད་སྒྲུབ་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་འཛོམས་པའི་གྲྭ་ཚང་དྲུག་ཏུ་དབྱེ་ཡོད།
གྲྭ་ཚང་དྲུག་སོགས་རིམ་པར་བྱུང་ཚུལ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་བོ་ཚོགས་ཆེན་གྱི་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རགས་ཙམ་ནི།དེ་ཡང་གནམ་ལོ་གསར་ཚེས་ཀྱི་ནང་སྔ་བར་ཞེངས་བརྡ་བཏང་བ་དང་མཉམ་དུ ༧ གོང་ས་སྐྱབས་མགོན་མཆོག་བླ་བྲང་ཚོམས་ཆེན་འདོད་དགུ་འཁྱིལ་བའི་ཀ་བཞིའི་གཙུག་ལག་ཁང་དུ་བཞུགས་གྲལ་གྱི་དབུར་མི་འཇིགས་གདོང་ལྔ་འབར་བའི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ།མཛོད་པ་ཆེན་མོ་དང་། སྐུ་ངོ་ནང་འཁོར། གསེར་ཁྲི། མཁན་པོ། ཁྲི་གདན་ཟུར། བླ་སྤྲུལ་ཆེ་ཆུང་ཁག སྤྱི་གཉེར་དང་ནང་ཁག གྲྭ་ཚང་སོ་སོའི་ཚོགས་འདུ་རྒྱས་པ། སེར་སྐྱ་འདུས་ཚོགས་བཅས་ནས་གནའ་བོའི་སྲོལ་ལྟར་གནམ་ལོ་གསར་བའི་དགའ་སྟོན་རྟེན་འབྲེལ་དུ། བཀའ་རམས་པ་རྣམས་ཀྱིས་ཇ་མཆོད་དང་ཆབས་ཅིག་པར་གསོལ་ཇ། གྲོ་འབྲས། ཞོ།སྡེར་ཆེན་བཅས་ཕུལ་ཏེ་གར་ཕྲུག་འཆམ་ཞིང་ཕྱག་དབང་ཞུ།བཞུགས་གྲལ་དུ་འཁོད་པ་རྣམས་ལ་བབས་བསྟུན་གྱི་སྡེར་སྐལ་སྩོལ་དགོས། ཉིད་འོད་གཟིམས་ཁང་སྟེང་བབས་པའི་ཚོད་ལ་བདེ་ཡངས་གོང་དུ ༧སྐྱབས་མགོན་མཆོག་བླ་གྲྭ་ཆེ་བགྲེས་པ་རྣམས་ཀྱི་གྲལ་དབུར་ཕེབས་ཏེ་གྱ་སྟོན་གནང་སྐབས་གསུང་གླེང་རྒྱས་པ་དང་། བརྒྱད་ཅུ་ཟིན་པ་རྣམས་ལ་བདུན་སྡེར་དང་སྲུང་མདུད་འཇམ་དར་བཅས་གནང་ཞིང་། རྒན་པ་རྣམས་ཀྱིས་ཚེ་བསྒྲུབས་ཀྱི་བུམ་ཆུ་འབུལ། ཚེས་གཉིས་ལ་ཚོགས་ཆེན་ལྷ་ཚེས་རྒྱས་པར་གྲྭ་ཚང་ནས ༧ སྐྱབས་མགོན་མཆོག་ལ་ཕྱག་དབང་ཞུ།

ཁོང་རིན་པོ་ཆེ་ནས་ཀྱང་གྲྭ་མང་ལ་སིལ་ཐོག་ཀ་ར་བཅས་ཀྱི་ལོ་གསར་གནང་བ་དང་། ཆོས་སྐྱོང་སྐུ་ཕེབས་བྱས་ཏེ་གྲྭ་ཚང་ལ་རབ་གནས་གནང་བའི་སྐབས་ཀྱང་ཡོད། ཚེས་གསུམ་ཉིན་གྲལ་འཛིན་དང་། འདུ་ཁང་ཆེན་མོའི་མདུན་ངོས་རྡོ་བཅལ་ཐང་དུ་དགེ་ལྡན་དར་མོ་ཆེ་འཛུགས་དགོས་ལ། ཕྱི་དྲོ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཡར་ཚོགས། དེ་ཡང་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་རབ་བྱུང་དགུ་བའི་ས་གླང་གི་ལོར་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཇོ་བོ་ཤྰཀྱ་མུ་ནེའི་གཙོ་མཛད་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་པར་ནུས་པའི་མཆོད་པ་རྒྱ་ཆེན་ཕུལ་ཏེ་དགེ་འདུན་ཁྲི་ཕྲག་དང་བཅས་ལྷ་སའི་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་གྱི་མཆོད་པ་མཛད་ཅིང་། དེ་ལ་བརྟེན་ནས་དབུས་གཙང་མངའ་རིས་ཁམས་མདོ་སྨད་རྣམས་སུ་དར་ཞིང་རྒྱས་པར་གྱུར་པ་ལས་ཆོས་སྡེ་ཆེན་པོ་འདིར་ཡང་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ ༧ འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་ཀྱིས་རབ་ཉི་ལྕགས་ཡོས་ལོའི་ཧོར་ཟླ་དང་པོའི་ཚེས་གསུམ་ནས་ཆོ་འཕྲུལ་སྨོན་ལམ་བཙུགས། སྨོན་ལམ་གྱི་འདོན་ཆ་དང་ཕྱག་ལེན་སོགས་རྗེ་རིན་པོ་ཆེས་མཛད་པའི་འདོན་སྒྲིག་ལྟར་དང་། གསུང་ཆོས་ལ་ཡང་རྗེའི་ཕྱག་སྲོལ་ལྟར་ཆོས་ཐུན་དང་བོར་སྐྱེས་རབས་སོ་བཞི་བ་ངེས་ཅན་དང་། ཆོས་ཐུན་གཉིས་པར་བྱམས་ཆོས་རེ་དང་སྤྱོད་འཇུག་སོགས་གཞུང་ཆེན་མོ།ཆོས་ཐུན་གསུམ་པར་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་བཅས་ཀྱི་གསུང་བཤད་གནང་བ་དང་། སྨོན་ལམ་གྲྭ་སྐོར་གྱི་དམ་བཅའ་ནི་གསུང་ཆོས་ལ་རྣམ་འགྲེལ། ཕྱི་དྲོ་དབུ་ཕར་དང་མཛོད་འདུལ་སོགས་པོ་ཏི་ལྔའི་རྩོད་པ་མཛད་སྲོལ་ལྷ་ལྡན་སྨོན་ལམ་ལྟར་ཚུགས། དེ་ནས་ཚེས་བཅུ་གསུམ་ལ་གོས་སྐུ་ཆེན་མོར་མཆོད་པ་དང་། བཅུ་བཞི་ལ་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་འཆམ་ཆེན།བཅོ་ལྔའི་མཚན་ལ་འདུ་ཁང་གི་མཐའ་སྐོར་དུ་སྤྱི་བླ་བྲང་ནང་ཁག་སོ་སོ་དང་ཐོས་བསམ་གླིང་གི་འཛིན་གྲྭ་བཅུ་གསུམ།གྲྭ་ཚང་གཞན་འཛིན་གྲྭ་བར་ཞོལ་བཅས་ཀྱི་ཞལ་ཟས་རྒྱ་མཚོ་མ་དང་མེ་ཏོག་མཆོད་པ་རྒྱས་པ། བཅུ་དྲུག་ལ་བྱམས་པ་གླིང་སྐོར་ཡིན་ལ། དེ་ཡང་ཚེས་དགུ་ནས་བཅོ་ལྔའི་བར་བླ་མ་མ་ཎི་པས་སྐོར་ལམ་དུ་སྐྱ་སེར་གྱི་ཁྲོམ་ལ་བློ་སྦྱོང་རྣམ་ཐར་ཅི་རིགས་ཀྱི་གསུང་བཤད་དང་སྦྲགས་ཏེ་མ་ཎི་བསྐུལ། མཚན་མོར་དགེ་འདུན་པ་རྣམས་ཀྱིས་གཞུང་ཆེན་རྣམས་སྐྱོར་སྦྱངས་བྱེད་སྲོལ་ཚུགས། 1/7 1 2 3 4 5 6 下一页 尾页 |