ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
   
 འཆད་ཉན་བྱེད་ཚུལ་གྱི་རྩོད་ཡིག་རྒྱས་པ་ནི།    སྐྱབས་རྗེ་འཇིགས་མེད་དབང་བོས་མཛད་པའི་བློ་གསལ་བྱེ་བའི་རོལ་མཚོ་ཐོས་བསམ་གླིང་གི་རྩོད་གྲྭའི་བཅའ་ཡིག་ཟླ་ཤེལ་ཕྲེང་བ་ཞེས་བྱ་བ་བཞུགས་པ་ལས་འདི་ལྟར།   བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།    མཁས་གྲུབ་བྱེ་བའི་བསྟི་གནས་འབྲས་སྤུངས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཕྱག་བཞེས་གཙོ་བོར་བྱས་ཏེ།   གངས་ཅན་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་འཁྱིལ་གྱི་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་ཞེས་ཡོངས་སུ་གྲགས་པ་འདིར་བློ་གསལ་དོན་གཉེར་བ་རྣམས་ཀྱིས་ཕར་ཕྱིན།   དབུ་མ།   མཛོད།    འདུལ་བ་དང་བཅས་དཀའ་པོཏ་ཆེན་པོ་བཞི་ལ་སློབ་གཉེར་ཧོར་ཁོངས་སུ་མ་ལུས་པར་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ལ་ཐོག་མར་ཕར་ཕྱིན་ལ་སློབ་གཉེར་བྱེད་ཚུལ་ནི།    དེ་ཡང་ཕར་ཕྱིན་ལ་སྒོ་མང་ལྟར་འཛིན་གྲྭ་བཞི་བྱས་ཏེ་ལོ་བཞིའི་རིང་ལ་ཐལ་ཕྲེང་དང་ཟུར་བཀོལ་རྫོགས་པར་བྱེད།   དེ་ཡང་ཐལ་ཕྲེང་གི་རྩོད་པ་ཞོག་ཁ་དང་།   དགོངས་མོ་གཉིས་དང་།   ཟུར་བཀོལ་གུང་ཚིགས་ལ་རྩོད།   སྐབས་དང་པོ་གཉིས་པ་བཞི་བ་རྣམས་དཔོན་སློབ་ཞལ་སྔ་ནས་ཀྱིས་རྩི་བཞག་གནང་བའི་སྟེང་ནས་འགྲོ་དགོས། སྐབས་གསུམ་པ་ལྔ་བ་བརྒྱད་པ་རྣམས་ལོ་རེས་མོས་ཀྱི་སྲོལ་ཆོས་ལ་རྩོད།   སྐབས་བརྒྱད་པ་གཞུང་རྒྱ་ཆེ་བས་ཞིབ་ཏུ་འགྲོ་དཀའ་ཡང་ཡིག་ཆ་མདོར་བསྡུས་རེའི་སྟེང་ནས་ཕལ་ཆེ་བ་རྣམས་མ་ལུས་པར་བྱེད།      དེ་ཡང་གཞུང་གསར་འཛིན་གྲྭའི་ལོ་གཅིག་གི་རིང་ལ་རྩོད་པ་ཇི་ལྟར་འགྲོ་རྒྱུའི་དྲན་ཐོ་ནི།       གཞུང་ལ་གསར་དུ་འབུད་རྒྱུའི་ལོ་དེ་ཀའི་ལྔ་མཆོད་ཆོས་ཐོག་ལ་ཕར་ཕྱིན་གྱི་གཞུང་གསར་དུ་ངེས་པར་ཚུགས་དགོས། དེ་དང་དགུན་ཆོས་ཆེན་མོ་གཉིས་ཀྱི་རིང་ལ་ཤིང་རྟའི་སྲོལ་འབྱེད་རྫོགས།   དཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་སྐྱེས་བུ་ཆུང་འབྲིང་དང་། བྱམས་གཞུང་གཉིས་རྫོགས་པ་བྱེད།    ཟུར་བཀོལ་དགེ་འདུན་ཉི་ཤུའི་དངོས་བསྟན་ཤུགས་བསྟན་དང་སྤྱི་བཤད་རྫོགས་པར་བྱེད།   དཔྱིད་ཆོས་གཉིས་པ་ཉི་ཤུའི་ཆོས་ཐོག་ལ་ཐལ་འཕྲེང་ཉན་ཐོས་ཞི་ཚོལ་རྫོགས་ནས་གཅིག་ཏུ་བྲལ་ཚུགས།   ཟུར་བཀོད་རྒྱུན་ཞུགས་ཀྱི་སྐོར་རྫོགས་པར་བྱེད།    དཔྱིད་ཆོས་གསུམ་པ་བཅོ་ལྔའི་ཆོས་ཐོག་ལ་ཐལ་ཕྲེང་གཅིག་ཏུ་བྲལ་རྩོད།    ཟུར་བཀོལ་ཕྱིར་འོང་རྫོགས་པར་བྱེད།    དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་གཅིག་ཏུ་བྲལ་གྱི་འཕྲོ་དང་།    མཁྱེན་གསུམ་གཉིས་རྫོགས་ནས་མྱང་འདས་ཚུགས།   ཟུར་བཀོལ་ཕྱིར་མི་འོང་ཚུགས།   རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་མྱང་འདས་རྫོགས། ཟུར་བཀོལ་ཕྱིར་མི་འོང་རྫོགས་པར་བྱེད།    སྟོན་ཆོས་ཆེན་མོ་ལ་ཐལ་ཕྲེང་ཆོས་འཁོར་ཚུགས་ནས།    ཟུར་བཀོལ་དགྲ་བཅོམ་དང་བསམ་གཏན་སྤེལ་སྒོམ་གཉིས་རྫོགས་པར་བྱེད།    སྟོན་ཆོས་གཉིས་པ་ལ་ཐལ་ཕྲེང་ཆོས་འཁོར།    ཟུར་བཀོལ་རྟེན་འབྲེལ་ཚུགས་ནས་སྤྱིར་བཤད་རྫོགས།    ལྔ་མཆོད་ཆོས་ཐོག་ལ་ཐལ་ཕྲེང་ཆོས་འཁོར་རྫོགས།   ཟུར་བཀོལ་ཡན་ལག་དང་བོ་ཚུགས།   
34.jpg 
གཞུང་གསར་གོང་མའི་འཛིན་གྲྭའི་ལོ་གཅིག་གི་རིང་ལ་རྩོད་པ་ཇི་ཙམ་འགྲོ་རྒྱུའི་དྲན་ཐོ་ནི།    དགུན་ཆོས་ཆེན་མོ་ལ་ཐལ་ཕྲེང་ཡང་དག་མཐའ་ཚུགས།   ཟུར་བཀོལ་རྟེན་འབྲེལ་ཡན་ལག་དང་བོ་རྫོགས།   དཔྱིད་ཆོས་ཆེན་མོ་ལ་ཡང་དག་མཐའི་འཕྲོ་རྫོགས་ནས་དགོས་སོགས་ཆོས་བཞི་དང་བཀའ་བསྟན་བཅོས་ཚུགས། ཟུར་བཀོད་རྟེན་འབྲེལ་ཡན་ལག་གཉིས་པ་རྫོགས་པར་བྱེད།   དཔྱིད་ཆོས་གཉིས་པ་ལ་ཐལ་ཕྲེང་བཀའ་བསྟན་བཅོས་གྱི་འཕྲོ་དང་།    ཤེར་ཕྱིན་གཉིས་རྫོགས།    ཟུར་བཀོལ་ཡན་ལག་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དང་། ཞར་བྱུང་ཀུན་གཞི་རྩ་བའི་སྟེང་ནས་ཀུན་གཞི་དང་།   ཉོན་ཡིད་ཀྱི་རྩོད་པ་གང་འགྲོ་དང་།     ཡན་ལག་ཕྱི་མ་རྣམས་ཚུགས་པར་བྱེད།   དཔྱིད་ཆོས་གསུམ་པ་ལ་ཐལ་ཕྲེང་སེམས་བསྐྱེད་ཚུགས།    ཟུར་བཀོལ་རྟེན་འབྲེལ་གྱི་ས་མཚུངས་རྫོགས་པར་བྱེད།   དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་སེམས་བསྐྱེད་ཀྱི་འཕྲོ་དང་། གདམས་ངག་གཉིས་རྫོགས།    ཟུར་བཀོལ་དྲང་ངེས་རྣམ་འབྱེད་ཀྱི་མཆོད་བརྗོད་དང་།    རྣམ་ཐར་སྒོ་གསུམ་གཉིས་རྫོགས་ནས་རྟོན་བཞི་ཚུགས། རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་བདེན་གཉིས་ཚུགས།   ཟུར་བཀོལ་རྟོན་བཞི་རྫོགས་པར་བྱེད།   སྟོན་ཆོས་ཆེན་མོ་ལ་ཐལ་ཕྲེང་བདེན་གཉིས་རྫོགས་ནས་བདེན་བཞི་ཚུགས།   ཟུར་བཀོད་དྲང་ངེས་རྣམ་འབྱེད་ཀྱི་དྲིས་ཞུས་དང་མདོར་བསྟན་རྫོགས་པར་བྱེད། སྟོན་ཆོས་གཉིས་པ་ལ་ཐལ་ཕྲེང་བདེན་བཞི་རྫོགས་ནས་སྐྱབས་གསུམ་ཚུགས།   ཟུར་བཀོལ་ངོ་བོ་ཉིད་མེད་པ་དང་བོ་གཉིས་ཀྱི་རྒྱས་བཤད་རྫོགས་པར་བྱེད།    སྟོན་ཆོས་གསུམ་པ་སྔ་མཆོད་ཆོས་ཐོག་ལ་ཐལ་ཕྲེང་སྐྱབས་གསུམ་རྫོགས།    ཟུར་བཀོལ་དོན་དམ་པ་ངོ་བོ་ཉིད་མེད་པའི་འཇོག་ཚུལ་གཉིས་དང་མ་སྐྱེས་བ་སོགས་སུ་གསུངས་པའི་དགོངས་གཞིའི་བར་རྫོགས་པར་བྱེད།
སྐབས་དང་བོའི་འཛིན་གྲྭའི་ལོ་གཅིག་གི་རིང་ལ་རྩོད་པ་ཇི་ཙམ་འགྲོ་རྒྱུའི་དྲན་ཐོ་ནི།   དགུན་ཆོས་ཆེན་མོ་ལ་སྤྱན་ལྔ་མངོན་ཤེས་གཉིས་རྫོགས།   ཟུར་བཀོལ་ངོ་བོ་གསུམ་ངོས་འཛིན་དང་ཆོས་འཁོར་གཉིས་རྫོགས་པར་བྱེད།   འཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་སྤྱོར་ལམ་རྫོགས་ནས་གཟུང་འཛིན་རྟོག་ཚུགས།     ཟུར་བཀོལ་སྒྲོ་སྐུར་རྫོགས་ནས་རྫས་བཏགས་ཚུགས།   དཔྱིད་ཆོས་གཉིས་པ་ལ་ཐལ་ཕྲེང་གཟུང་འཛིན་རྟོག་རྫོགས་ནས་རིགས་ཚུགས།   ཟུར་བཀོལ་རྫས་བཏགས་རྫོགས་ནས་ཡེ་ཤེས་རང་རིག་ཚུགས།   དཔྱིད་ཆོས་གསུམ་པ་ལ་ཐལ་ཕྲེང་རིགས་རྫོགས།   ཟུར་བཀོལ་ཡེ་ཤེས་རང་རིག་དང་དགག་བྱ་ངོས་འཛིན་གཉིས་རྫོགས་པར་བྱེད། དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་སྤོང་གཉེན།   དགོངས་ལྡེམ་དགོངས།   སྒྲུབ་པའི་དམིགས་པ་གསུམ་རྫོགས།   ཟུར་བཀོལ་སྔོན་པོའི་སྐོར་ཚུགས།   རིགས་གྲྭའི་ཆོས་ཐོག་ལ་གོ་སྒྲུབ།   འཇུག་སྒྲུབ།    གཟུངས།    ཡོངས་སྦྱོངས།   ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་བཅས་སྐབས་དང་པོའི་མཇུག་རྫོགས་པར་བྱེད།   ཟུར་དཀོལ་སྔོན་པོའི་མཇུག་རྫོགས་པར་བྱེད།   སྟོན་ཆོས་ཆེན་མོ་ལ་སྐབས་གཉིས་པ་ཚུགས་ནས།   ལམ་ཤེས་ཀྱི་ཡན་ལག་གི་སྐོར་ཡན་ཆད་རྫོགས།   ཟུར་བཀོལ་ཤེས་བཞི་ཚོལ་བཞི་ཚུགས་ནས་རྟོག་མེད་དབང་ཤེས་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་པ་རྣམས་རྫོགསཔར་བྱེད།    སྟོན་ཆོས་གཉིས་པ་ལ་ཉན་ཐོས་དང་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གཉིས་རྫོགས།    ཟུར་བཀོལ་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་རྣམས་རྫོགས་པར་བྱེད།    སྟོན་ཆོས་གསུམ་པ་ལྔ་མཆོད་ཆོས་ཐོག་ལ་སྐབས་གཉིས་པའི་མཇུག་དང་།   ཟུར་བཀོལ་དགོངས་འགྲེལ་རྩོད་སྤོང་ནས་དྲང་ངེས་འབྱེད་ཚུལ་གྱི་བར་ཡོངས་སུ་རྫོགས་པར་བྱེད།
སྐབས་བཞི་བའི་འཛིན་གྲྭའི་ལོ་གཅིག་གི་རིང་ལ་རྩོད་པ་ཇི་ཙམ་འགྲོ་རྒྱུའི་དྲན་ཐོ་ནི།   དགུན་ཆོས་ཆེན་མོ་ལ་ཐལ་ཕྲེང་སྐབས་བཞི་བ་དང་བསམ་གཟུགས་གཉིས་མཉམ་དུ་ཚུགས་ནས་ཐལ་ཕྲེང་རྣམ་པ་མདོར་བསྟན་རྫོགས།   ཟུར་བཀོལ་ཐོས་བསམ་སྒོམ་གསུམ།   འཇུག་སྒྲུབ་གཉིས་རྫོགས་ནས་ལུས་རྟེན་སེམས་རྟེན་ཚུགས།   དཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་གཞི་ཤེས་དང་།   ལམ་ཤེས་ཀྱི་རྣམ་པ་དང།   རྣམ་མཁྱེན་གྱི་རྣམ་པ་མདོར་བསྟན་རྫོགས་ནས།    རྣམ་མཁྱེན་རྒྱས་བཤད་ཀྱི་བྱང་ཕྱོགས་སོ་བདུན་ཚུགས།    ཟུར་བཀོལ་ལུས་རྟེན་སེམས་རྟེན་རྫོགས་ནས་ཞི་ལྷག་སྤྱི་བཤད་རྫོགས་པར་བྱེད།   དཔྱིད་ཆོས་གཉིས་པ་ལ་ཐལ་ཕྲེང་བྱང་ཕྱོགས་སོ་བདུན་གྱི་འཕྲོ་དང་།   རྣམ་ཐར་སྒོ་གསུམ།   རྣམ་ཐར་བརྒྱད་བཅས་རྫོགས་པར་བྱེད།   ཟུར་བཀོལ་ཞི་གནས་ཀྱི་སྐོར་རྫོགས་པར་བྱེད།   དཔྱིད་ཆོས་གསུམ་པ་ལ་ཐལ་ཕྲེང་འགོག་སྙོམས་རྫོགས། ཟུར་བཀོལ་ལྷག་མཐོང་རྫོགས་ནས་ཉེར་བསྡོགས་ཚུགས།    དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ།   དུས་གསུམ་གྱི་རྣམ་བཞག    སྦྱོར་བའི་རྟེན།   སྦྱོར་བ་ཉི་ཤུ།    སྦྱོར་བའི་སྐྱོན་ཡོན་རྣམས་རྫོགས།   ཟུར་བཀོལ་ཉེར་བསྡོགས་རྫོགས་པར་བྱེད།     རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་ཤེས་མཚན་ཁྱད་མཚན།   ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་རྣམས་རྫོགས།   ལུང་མ་བསྟན་གྱི་ལྟ་བའི་སྐོར་རང་རེའི་རྩི་བཞག་ན་མེད་པས་གསེར་ཕྲེང་ཡིག་ཆ་རྙིང་བ་སོགས་ནས་ལེན།   ཟུར་བཀོལ་བསམ་གཏན་གྱི་དངོས་གཞི་ཚུགས།   སྟོན་ཆོས་ཆེན་མོ་ལ་ཐལ་ཕྲེང་ཐར་བ་ཆ་མཐུན།    ངེས་འབྱེད་ཆ་མཐུན་རྩོད་སྤོང་རྣམས་རྫོགས་ནས་ཕྱི་མི་ལྡོག་པའི་སྐོར་ཚུགས།    ཟུར་བཀོལ་དངོས་གཞི་རྫོགས་པར་བྱེད།
 སྟོན་ཆོས་གཉིས་པ་ལ་ཐལ་ཕྲེང་ཕྱི་མི་ལྡོག་པའི་རྟགས། དབང་བོའི་སྐོར་དང་།    སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ།   ཞིང་དག་སྦྱོར་བ་རྣམས་རྫོགསཔར་བྱེད།    དབང་པོའི་སྐོར་གསེར་ཕྲེང་ལ་བལྟ།  ཟུར་བཀོལ་ཡན་ལག་དམིགས་རྣམ་ཚུགས།   སྟོན་ཆོས་གསུམ་པ་ལྔ་མཆོད་ཆོས་ཐོག་ལ་བདུད་བཞི་ངོས་འཛིན་བཅས་སྐབས་བཞི་བའི་མཇུག་རྫོགས།   ཟུར་བཀོལ་དམིགས་རྣམ་གྱི་འཕྲོ་བཅས་བསམ་གཟུགས་ཀྱི་མཇུག་རྫོགས་པར་བྱེད།    
 
   དབུ་མའི་རྩོད་གྲྭ་ལོ་གཉིས་ཀྱི་རིང་ལ་རྫོགས་པའི་ཚུལ་ལ།   དབུ་མ་གསར་བའི་རྩོད་གྲྭ་འགྲོ་ཚུལ་ནི།  
དེ་ཡང་དབུ་མའི་སྟོད་ཆ་དགུང་ཞོག་དང་། སྨད་ཆ་ཕལ་ཆེར་གུང་ཚིགས་ལ་རྩོད་དགོས་ཤིང་།   དུས་གསུམ་རྣམ་བཞག་དང་ཚད་འགོག་གཉིས་སྲོད་ཆོས་ལ་ལོ་སྔ་ཕྱིར་རེར་མོས་བྱེད།   དེ་ཡང་དགུན་ཆོས་ཆེན་མོར་དབུ་མ་གསར་དུ་ཚུགས་ཏེ་ཟབ་རྒྱས་ཀྱི་རྩོད་གྲྭ་རྫོགས་པར་བྱེད།   དཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་འགྱུར་ཕྱག་དང་། ཐུབ་དབང་གསུང་སྐྱེས་གཉིས་རྫོགས།    ཟུར་བཀོལ་ཀླུ་སྒྲུབ་ལུང་བསྟན་དང་མཉམ་ཉིད་གཉིས་རྫོགས་ནས་དགག་བྱ་དངོས་འཛིན་ཚུགས།   དཔྱིད་ཆོས་གཉིས་པར་འདིར་བསྟན་ཆོས་གསུམ་དང་། ཟུར་བཀོལ་དགག་བྱ་ངོས་འཛིན་རྫོགས།   དཔྱིད་ཆོས་གསུམ་པར་སྙིང་རྗེ་དང་ཐལ་བཟློག་གཉིས་ཀྱི་མགོ་ཚུགས།   དབྱར་ཆོས་ཆེན་མོར་སྙིང་རྗེ་དང་ཐལ་བཟློག་རྩོད།   རིགས་གྲྭའི་ཆོས་ཐོག་ལ་ཡང་སྙིང་རྗེ་དང་ཐལ་བཟློག་རྩོད།   སྟོན་ཆོས་ཆེན་མོར་སྙིང་རྗེ་རྫོགས་ནས་བསྟན་བཅོས་ལུས་ཀྱི་མགོ་ཚུགས།   ཟུར་བཀོལ་ཐལ་བཟློག་རྫོགས།   སྟོན་ཆོས་གཉིས་པ་ས་དཀར་ཆོས་ཐོག་ལ་བསྟན་བཅོས་ལུས་དང་རིང་སོང་མགོ་ཚུགས།   བདེན་གཉིས་ཡང་མགོ་ཚུགས།   ལྔ་མཆོད་ཆོས་ཐོག་ལ་རིང་སོང་དང་བདེན་གཉིས།    
       དབུ་མ་རྙིང་བའི་རྩོད་པ་འགྲོ་ཚུལ་ནི།   དགུན་ཆོས་ཆེན་མོ་ལ་རིང་སོང་རྫོགས་བདེན་གཉིས།   དཔྱིད་ཆོས་ཆེན་མོ་ལ་རིང་སོང་རྩོད་ལན་ཚུགས།    བདེན་གཉིས་རྫོགས་ནས་བདག་འགོག་ཚུགས།    དཔྱིད་ཆོས་གཉིས་པ་ལ་རིང་སོང་རྩོད་ལན་དང་བདག་འགོག   དཔྱིད་ཆོས་གསུམ་པ་ལ་རིང་སོང་རྩོད་ལན་དང་བདག་འགོག    དབྱར་ཆོས་ཆེན་མོར་སེམས་བསྐྱེད་དང་བོ་དང་གཉིས་པ་གཉིས་དང་ཆུ་འབབ།    རིགས་གྲྭའི་ཆོས་ཐོག་ལ་སེམས་བསྐྱེད་གསུམ་པ་དང་ཆུ་འབབ།    སྟོན་ཆོས་ཆེན་མོ་ལ་སེམས་བསྐྱེད་གསུམ་པའི་མཇུག་རྫོགས། ཟུར་བཀོལ་ཆུ་འབབ་རྫོགས།   ས་དཀར་ཆོས་ཐོག་ལ་སེམས་བསྐྱེད་བཞི་བ་རྫོགས།   རང་རིག་ཚུགས།   ལྔ་མཆོད་ཆོས་ཐོག་ལ་སེམས་བསྐྱེད་ལྔ་བ་དང་རང་རིག་མཇུག་རྫོགས་པར་བྱེད།   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号