ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    
    མཛོད་ཀྱི་རྩོད་གྲྭ་ལོ་གཉིས་ཀྱི་རིང་ལ་རྫོགས་པའི་ཚུལ་ལ།    མཛོད་ལ་གསར་དུ་ཞུགས་པའི་ལོའི་དགུན་ཆོས་ཆེན་མོར་ཐལ་འཕྲེང་མཚན་དོན་འགྱུར་ཕྱག་ནས་དགོས་སོགས་ཆོས་བཞིའི་བར་རྫོགས།    ཟུར་བཀོལ་གནས་གསུམ་པའི་མགོ་ནས་སྐྱེ་གནས་ཀྱི་དབྱེ་བ་དང་བཅས་རྫོགས།   དཔྱིད་ཆོས་ཆེན་མོར་ཐལ་ཕྲེང་བསྟན་བཅོས་ལུས་མདོར་བསྟན་ནས།   ཞར་བྱུང་འབྱུང་བ་དང་བཅས་པ་རྫོགས།   ཟུར་བཀོལ་བར་སྲིད་ནས་བྱེ་སྨྲའི་ལུགས་ཀྱི་རྟེན་འབྲེལ་རྫོགས།   དཔྱིད་ཆོས་གཉིས་པར་ཐལ་ཕྲེང་ཁམས་དང་སྐྱེ་མཆེད་དུ་མཇོག་ཚུལ་ནས།    ཆོས་གསུམ་གྱི་གོ་རིམ་བཤད་པ་དང་བཅས་རྫོགས།   ཟུར་བཀོལ་མདོ་སྡེ་བའི་ལུགས་ཀྱི་རྟེན་འབྲེལ་ནས། སེམས་ཅན་གྱི་ཚོགས་གསུམ་དུ་སྡུད་ཚུལ་གྱི་བར་རྫོགས། དཔྱིད་ཆོས་གསུམ་པར་ཐལ་ཕྲེང་ཆོས་ཕུང་བསྡུས་ཚུལ་ནས། ཁམས་དང་སྐྱེ་མཆེད་གཞན་གྱིས་བསྡུས་ཚུལ་བར་རྫོགས།   ཟུར་བཀོལ་ཆགས་རིམ་ནས།   ལྷ་མིན་གྱི་གནས་བཤད་པའི་བར་རྫོགས།   དབྱར་ཆོས་ཆེན་མོར་ཐལ་ཕྲེང་ཁམས་གྱི་རྣམ་པའི་རབ་དབྱེ་བསྟན་ཡོད་བསྟན་མེད་ནས།   ཕྱི་ནང་གི་ཁམས་ཀྱི་དབྱེ་བ་དང་བཅས་པ་རྫོགས།    ཟུར་བཀོལ་ལྷའི་གནས་བཤད་པ་ནས།   ལོ་བཤད་པ་དང་བཅས་རྫོགས།   རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་རྟེན་བཅས་རྟེན་མཚུངས་ཀྱི་དབྱེ་བ་ནས་མཛོད་གནས་དང་པོ་མཇུག་རྫོགས་པར་བྱེད།   ཟུར་བཀོལ་བསྐལ་བའི་རྣམ་བཞག་ནས་གནས་གསུམ་པ་རྫོགས་པར་བྱེད།   སྟོན་ཆོས་ཆེན་མོར་ཐལ་ཕྲེང་གནས་དྲུག་པའི་མཐོང་སྒོམ་གྱི་ལམ་བཤད་པ་ནས།  
ཐེག་གསུམ་གྱི་ལམ་གྱི་རྣམ་བཞག་དང་བཅས་པ་རྫོགས།
ཟུར་བཀོལ་གནས་བརྒྱད་པའི་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་བཤད་པ་ནས།   བསམ་གཏན་གྱི་སྙོམས་འཇུག་ཁྱད་པར་ཅན་བཤད་པ་དང་བཅས་རྫོགས།    སྟོན་ཆོས་གཉིས་པར་ཐལ་ཕྲེང་བདེན་པ་མངོན་རྟོགས་བཅུ་དྲུག་བསྒོམ་ཚུལ་ནས།    དགྲ་བཅོམ་དགུར་དབྱེ་བ་ཞར་བྱུང་དང་བཅས་པ་རྫོགས།   ཞུགས་འབྲས་ཀྱི་སྐོར་མཛོད་ཀྱི་ཐུན་མོང་མ་ཡིན་པ་རྣམས་བཏུས་ཏེ་རྩོད།    ཟུར་བཀོལ་ཏིང་ངེ་འཛིན་གྱི་དབྱེ་བ་ལ་ཁམས་གྱི་སྒོ་ནས་རྟོག་བཅས་སུ་བཤད་པ་ནས།   ཟིལ་གནོན་དང་བཅས་པ་རྫོགས།    སྟོན་ཆོས་གསུམ་པར་ཐལ་ཕྲེང་ལམ་གྱི་ཁྱད་ཆོས་རིགས་བསྡུས་བཞིར་བཤད་པ་ནས།   གནས་དྲུག་པ་མཇུག་རྫོགས་པར་བྱེད།
ཟུར་བཀོལ་ཟད་པ་བཅུ་ནས།   བསྟན་པའི་གནས་ཚད་སོགས་གནས་བརྒྱད་པ་མཇུག་རྫོགས་པར་བྱེད།
མཛོད་རྙིང་པའི་རྩོད་གྲྭ་འགྲོ་ཚུལ་ནི།   དགུན་ཆོས་ཆེན་མོར་ཐལ་ཕྲེང་གནས་གཉིས་པའི་མགོ་ནས་དབང་བོ་རྙེད་གཏོང་དང་བཅས་པ་རྫོགས།   ཟུར་བཀོལ་གནས་བཞི་པའི་ལས་མདོར་བསྟན་ནས།   ཡིད་དང་དབང་བོའི་སྡོམ་པའི་བར་རྫོགས།   དཔྱིད་ཆོས་ཆེན་མོར་ཐལ་ཕྲེང་དབང་བོ་དུས་ཐོབ་ནས་སེམས་སེམས་བྱུང་གི་མིང་གི་རྣམ་གྲངས་དང་བཅས་པ་རྫོགས། ཟུར་བཀོལ་རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ་ནས། སྡོམ་པ་ལྡན་ཚུལ་གྱི་བར་རྫོགས།   དཔྱིད་ཆོས་གཉིས་པར་ཐལ་ཕྲེང་ཐོབ་པ་ནས།    ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་དང་བཅས་པ་རྫོགས།   ཟུར་བཀོལ་ལས་ཀྱི་རྣམ་གྲངས་ཐུན་མོང་དུ་བཤད་པ་ནས།   ལས་ཀྱི་དབྱེ་བ་སྤྱིར་བསྟན་པའི་བར་རྫོགས།   དཔྱིད་ཆོས་གསུམ་པར་ཐལ་ཕྲེང་རྒྱུ་དྲུག་དང་འབྲས་བུའི་རྣམ་བཞག་རྫོགས།   ཟུར་བཀོལ་ལས་ལམ་མདོར་བསྟན་ནས།    རྫོགས་པར་འགྲུབ་བྱེད་གསུམ་དུ་བསྟན་པ་དང་བཅས་པ་རྫོགས་པར་བྱེད།    དབྱར་ཆོས་ཆེན་མོར་ཐལ་ཕྲེང་རྒྱུ་འབྲས་གཉིས་ཀའི་ཐུན་མོང་གི་ཆོས་བཤད་པ་ནས།    གནས་གཉིས་པ་མཇུག་རྫོགས་པར་བྱེད།   ཟུར་བཀོལ་ལས་ལམ་སོ་སོའི་ངོ་བོ་བཤད་པ་ནས།   མི་དགེ་བའི་ལས་ལམ་གྱི་གེགས་ངོས་བཟུང་བའི་བར་རྫོགས་པར་བྱེད།   རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་གནས་ལྔ་བའི་འཚམས་སྦྱར་ནས།   ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པ་རྫོགས།   ཟུར་བཀོལ་བྱང་སེམས་ངེས་གནས་གྱི་ཁྱད་ཆོས་བཤད་པ་ནས།   ཐར་བ་བླ་ན་མེད་པའི་བར་གནས་བཞི་པའི་མཇུག་རྫོགས་པར་བྱེད།   སྟོན་ཆོས་ཆེན་མོར་ཐལ་ཕྲེང་རྒྱུ་ལ་ལྟོས་པའི་རབ་དབྱེ་ནས།    ཐ་མའི་ཆ་མཐུན་བར་རྫོགས།    ཟུར་བཀོལ་གནས་བདུན་པའི་བཟོད་ཤེས་ནས།   འཐོབ་པའི་དབྱེ་བ་དང་བཅས་པ་རྫོགས།   སྟོན་ཆོས་གཉིས་པར་ཐལ་ཕྲེང་གོང་མའི་ཆ་མཐུན་ལྔ་ནས།   གཉེན་པོའི་རབ་དབྱེ་ཞར་བྱུང་དང་བཅས་པ་རྫོགས། ཟུར་བཀོལ་ཐུན་མོང་མ་ཡིན་པའི་ཡོན་ཏན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནས།   རབ་མཐའི་བསམ་གཏན་བར་རྫོགས།   སྟོན་ཆོས་གསུམ་པར་ཐལ་ཕྲེང་འབྲས་བུ་ཡོངས་ཤེས་དང་བཅས་གནས་ལྔ་བ་མཇུག་རྫོགས་པར་བྱེད།   ཟུར་བཀོལ་ཐུན་མོང་གི་ཡོན་ཏན་མངོན་ཤེས་ནས་གནས་བདུན་པ་ཡོངས་སུ་རྫོགས་པར་བྱེད།
 
འདུལ་བའི་འཛིན་གྲྭའི་རྩོད་གྲྭ་ལོ་གཉིས་ཀྱི་རིང་ལ་རྫོགས་པའི་དབང་དུ་བཅས་ནས་རྩོད་པ་འགྲོ་ཚུལ་ནི། ལོ་དང་པོའི་དགུན་ཆོས་ཆེན་མོར་ངེས་འབྱུང་ཚུལ་ཁྲིམས་ཐལ་འཕྲེང་།     གསོ་སྦྱོང་ཟུར་བཀོལ་བྱས་ནས་དཔྱིད་ཆོས་ཆེན་མོར་རྫོགས་པར་བྱེད།   དཔྱིད་ཆོས་གཉིས་པར་ཐལ་ཕྲེང་སྔོན་ཆོག་རྫོགས་ནས་དར་ཆོག་ཚུགས།   ཟུར་བཀོལ་དབྱར་རྫོགས་པར་བྱེད།   དཔྱིད་ཆོས་མསུམ་པར་ཐལ་ཕྲེང་དགེ་བསྙེན་སྐོར་ཡན་ཆད་དང་།   ཟུར་བཀོལ་དགག་དབྱེ་རྫོགས་པར་བྱེད།   དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ནས།    མཁན་སློབ་ཀྱི་རྣམ་བཞག་བར་དང་།   ཟུར་བཀོལ་སྲ་བརྐྱང་རྫོགས་པར་བྱེད།   རིགས་གྲྭ་དང་སྟོན་ཆོས་ཆེན་མོ་གཉིས་ལ་ཐལ་ཕྲེང་ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་ག་ནས་བཟུང་།   དུས་གོ་དང་གདམས་ངག་གི་བར་དང་།   ཟུར་བཀོལ་གོས་གཞི་དང་།    ཀོ་ལྤགས་ཀྱི་གཞིའི་བར་རྫོགས་པར་བྱེད།   སྟོན་ཆོས་གཉིས་པར་ཐལ་ཕྲེང་ལྔ་ཕྲུགས་དང་།   ཟུར་བཀོལ་སྨན་གཞི་བྱས་ཏེ་ལྔ་མཆོད་ཆོས་ཐོག་ལ་རྫོགས་པར་བྱེད། 
  ལོ་ཕྱི་མའི་དགུན་ཆོས་ཆེན་མོ་ལ་ཐལ་ཕྲེང་ལྷུང་བཟེད་སྐོར་དང་།   ལྟུང་བ་སྡེ་ལྔའི་སྤྱི་བཤད་བར་རྫོགས།    ཟུར་བཀོལ་ལས་གཞི་ཚུགས།   དཔྱིད་ཆོས་ཆེན་མོར་ཐལ་ཕྲེང་ཕམ་པའི་སྡེ་དང་བོ་གཉིས་དང་།   ཟུར་བཀོལ་ལས་གཞིའི་མཇུག་རྫོགས་པར་བྱེད།   དཔྱིད་ཆོས་གཉིས་པར་ཐལ་ཕྲེང་ཕམ་པའི་སྡེ་ཕྱི་མ་གཉིས་རྫོགས་ནས་སྤོམ་པོ་ཚུགས།   ཟུར་བཀོལ་ལྟུང་བ་ཕྱིར་བཅོས་མགོ་ཚུགས།   དཔྱིད་ཆོས་གསུམ་པར་ཐལ་ཕྲེང་སྦོམ་པོ་རྫོགས་ནས།   ཟུར་བཀོལ་ལྟུང་བ་ཕྱིར་བཅོས་ཀྱི་འཕྲོ་རྩོད།   དབྱར་ཆོས་ཆེན་མོར་ཐལ་ཕྲེང་ལྷག་མའི་སྐོར་དང་། ཟུར་བཀོལ་ལྟུང་བ་ཕྱིར་བཅོས་རྫོགས་པར་བྱེད།   རིགས་གྲྭའི་ཆོས་ཐོག་ལ་ཐལ་ཕྲེང་སྤང་ལྟུང་མགོ་ཚུགས།   ཟུར་བཀོལ་རྩོད་པ་ཕྱིར་བཅོས་ནས།    གནས་མལ་གྱི་བར་གཞི་སྨད་ཀྱི་མཇུག་ཡོངས་སུ་རྫོགས་པར་བྱེད།   སྟོན་ཆོས་ཆེན་མོར་གུང་ཞོག་ཀུན་ལ་སྤང་ལྟུང་གི་མཇུག་རྫོགས་པར་བྱེད།   སྟོན་ཆོས་གཉིས་པ་དང་ལྔ་མཆོད་ཆོས་ཐོག་གཉིས་ལ་གུང་ཞོག་གཉིས་ཀར་ལྟུང་བྱེད་འབའ་ཞིག་པ་ནས།   གཞི་སྟོད་ཀྱི་མཇུག་གི་བར་འདུལ་བའི་རྩོད་པ་ཡོངས་སུ་རྫོགས་པར་བྱེད།   འདུལ་མཛོད་གཉིས་ཀྱི་སྲོད་ཆོས་ལ་དུས་ཚིགས་དང་སྤྱི་བསྟན་གཉིས་ལོ་རེས་མོས་ཀྱིས་གཏོང་།   དེ་ཡང་འབྲས་སྤུངས་སུ་ལོ་གཅིག་ལ་ཟླ་ཆོས་བཞི་དང་།   བར་ཆོས་བཞི་སྟེ་ཆོས་ཐོག་བརྒྱད་ལས་མེད་ལ། རང་རེའི་དགོན་པ་འདིར་རིགས་གྲྭའི་ཆོས་ཐོག་དང་བཅས་ཆོས་ཐོག་དགུ་ཡོད་འདུག་པས། སྒོ་མང་གི་ཕྱག་ལེན་གཙོ་བོར་བྱས་ཏེ་འདི་ཀའི་ཆོས་ཐོག་གི་གྲངས་དང་བསྟུན་ནས་རྩོད་གྲྭའི་འགྲོ་ཚུལ་ཞིབ་ཏུ་བྲིས་པ་ཡིན་པས་དཔོན་སློབ་ཞལ་སྔ་ནས་དང་། དགེ་བསྐོས།   འཛིན་གྲྭ་སོ་སོའི་སྐྱོར་དཔོན།   བླ་མ་ཆོས་མཛད།   དགེ་བཤེས་ཐོན་པ་སློབ་གཉེར་པ་རྣམས་ཀྱིས་ཐུགས་ཁུར་མཛད་དེ། རྩོད་གྲྭའི་གོ་རིམ་འདི་བཞིན་མཛད་ན་ཚེགས་མེད་པར་བཀའ་པོཏ་ཆེན་པོ་བཞིའི་ཚིག་དོན་སྨྲ་བ་ལ་ཐོགས་པ་མེད་པའི་མཁས་པའི་གོ་འཕང་ཐོབ་པར་འགྱུར་བས་སྙོམས་ལས་དང་།   སྒྱིག་ལུག་གི་དབང་དུ་མ་སོང་བར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་གྲྭ་ཚང་རང་གི་འཆད་ཉན་གྱི་ཞབས་ཏོག་ཏུ་དགོངས་ནས་ཚང་མས་བསྙེལ་བ་མེད་པར་ཐུགས་ལ་འཇོག་པར་ཞུ།    ཞེས་པ་འདི་ནི་བློ་གསལ་དོན་གཉེར་བ་རྣམས་ཀྱི་ཆེད་དུ།   རིགས་པ་སྨྲ་བ༧ དཀོན་མཆོག་འཇིགས་མེད་དབང་བོས་ཤིང་ལུག་ཟླ་ཚེས༡༣ལ་བྲིས།
ཞེས་གསུང་བ་ལྟར་ཚ་གྲང་ལྟོགས་སྐོམ་ངལ་དུལ་ཁྱད་དུ་བསད་ནས་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ།     བཀའ་རབ་འབྱམས་ཀྱི་མཚན་བཏགས་བྱེད་པ་ནི་གྲྭ་ས་ཆེན་པོ་རྣམས་ཀྱི་ཕྱག་སྲོལ་དུ་སྣང་བས་དབུ་ཕར་གཉིས།    རྣམ་འགྲེལ་དང་བཅས་པོ་ཏི་གསུམ་ལ་དམ་བཅའ་འཇོག་ཐུབ་ཚེ་སྨོན་ལམ་རབ་འབྱམས་ཀྱི་མཚན་བཏགས་དང་།    གླིང་བསྲེས་རབ་འབྱམས་ཀྱི་མཚན་བཏགས།    པོ་ཏི་ལྔ་ལ་སློབ་གཉེར་མཐར་ཕྱིན་པའི་སྟེང་ནས་དམ་བཅའ་བཞག་པ་ལ་རྡོ་བཅལ་རབ་འབྱམས་ཀྱི་མཚན་བཏགས།    གཞུང་དུ་ཞུགས་ནས་ཕར་ཕྱིན་ལ་སློབ་གཉེར་བྱས་སྟེང་ནས་བབས་འོས་དང་བསྟུན་ཚོགས་བསགས་རབ་འབྱམས་ཀྱི་མིང་བཏགས་སོགས་གནང་བའི་སྲོལ་ཚུགས་པ་མ་ཉམས་པར་གནས།
 དེས་ན་བཀའ་པོཏ་ཆེན་པོ་ལྔའི་འཆད་ཉན་གཙོ་བོར་བྱེད་པའི་རྒྱུ་མཚན་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་ལ་སྡེ་སྣོད་གསུམ་དུའང་འདུ་སྟེ་བཀའ་པོཏ་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ་ལྟ་བུ་ཡིན་པས།   མདོ་རྩ་བ་འདུལ་བའི་སྡོམ།   དབུ་ཚད་མཛོད་གསུམ་མངོན་པའི་སྡོམ།    ཕ་རོལ་ཕྱིན་པ་མདོ་སྡེའི་སྡོམ་ཡིན་པསོ།    
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号