ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
       
       ཡང་བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་ལ།   ཐེག་ཆེན་གྱི་ལྟ་བ་དབུ་ཚད་གཉིས་དང་སྤྱོད་པ་ཕར་ཕྱིན་གྱིས་འཆད་པ་དང་ཐེག་དམན་གྱི་ལྟ་སྤྱོད་གཉིས་མཛོད་ཀྱིས་འཆད་ལ།    འདུལ་བས་ནི་ཐེག་པ་ཆེ་ཆུང་ཐུན་མོང་གི་ཚུལ་ཁྲིམས་ཀྱི་རྣམ་བཞག་འཆད་པས་སོ།    ཡང་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་ལ།    འཁོར་ལོ་དང་པོའི་སྤྱོད་པ་ཚུལ་ཁྲུམས་ཀྱི་རྣམ་བཞག་འདུལ་བས་འཆད།    ལྟ་བ་བདེན་བཞིའི་རྣམ་བཞག་མངོན་པས་འཆད། འཁོར་ལོ་བར་བའི་ལྟ་བ་དབུ་མ་དང།   འཁོར་ལོ་ཐ་མའི་ལྟ་བ་རྣམ་འགྲེལ་གྱིས་འཆད་ལ།    འཁོར་ལོ་ཐ་མ་གཉིས་ཀའི་སྤྱོད་པའི་ཆ་ཕར་ཕྱིན་གྱིས་འཆད་དོ།    ཡང་སྟོན་པའི་རྗེས་སུ་འབྲང་བའི་གྲུབ་མཐའ་སྨྲ་བ་ལ་བཞིར་ངེས་ལ།   དབུ་ཚད་ཀྱིས་དབུ་སེམས་ཀྱི་ལྟ་བ་དང།   ཕར་ཕྱིན་གྱིས་དབུ་སེམས་ཀྱི་སྤྱོད་པ་འཆད།  མདོ་སྡེ་བ་རིགས་པའི་རྗེས་འབྲང་རྣམ་འགྲེལ་དང་།    ལུང་གི་རྗེས་འབྲང་མངོན་པ་སྡེ་བདུན་དང་མཛོད་ཀྱི་རྗེས་སུ་འབྲང་བ་དང་།    བྱེ་སྨྲའི་རང་གཞུང་དངོས་ཤིག་བོད་དུ་མ་འགྱུར་ཀྱང་མཛོད་ལས་བྱེ་སྨྲའི་འདོད་ཚུལ་རྒྱས་པར་འཆད་ལ། འདུལ་བ་ནི་གྲུབ་མཐའ་བཞི་ཀའི་་ཐུན་མོང་བ་དང་བསྟན་པའི་རྩ་བ་ཡིན་པས་སོ།  ཡང་རྒྱ་གར་འཕགས་པའི་ཡུལ་དུ་ཐུབ་བསྟན་གྱེན་དུ་འདེགས་པའི་ཀ་བ་ལྟ་བུར་གྱུར་པའི་པཎྡི་ཏ་མང་དུ་བྱོན་ཀྱང་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཉིད་གྲགས་ཆེ་ལ།    ཁརྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ནི་བཀའ་པོཏ་ལྔ་ཉིད་ཡིན་ཏེ།   དེ་ཡང་རྗེ་བཙུན་བྱམས་པ་མགོན་པོའི་ཕར་ཕྱིན་གྱི་གཞུང་ལུགས།       ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལུགས།ཐོགས་མེད་སྐུ་མཆེད་ཀྱི་མངོན་པའི་གཞུང་ལུགས།     ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་ལུགས།    ཡོན་ཤྰཀ་གཉིས་ཀྱི་འདུལ་བའི་གཞུང་ལུགས་ཞེས་ཉིི་ཟླ་ལྟར་གྲགས་ལ།    པཎྡི་ཏ་དེ་དག་གི་ཆོས་ཀྱི་རྩ་བའི་དངོས་སུ་ཁུངས་གཏུག་ས་ནི་བྱམས་འཇམ་དབྱངས་གཉིས་ལས།   རྗེ་བཙུན་འཇམ་པའི་དབྱངས་ལ་བརྟེན་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ཟབ་མོ་ལྟ་བའི་སྲོལ་ཕྱེ་བ་དང་།     རྒྱལ་བ་མ་ཕམ་པ་ལ་བརྟེན་ནས་འཕགས་པ་ཐོགས་མེད་ཀྱིས་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེ་བར་མ་ཟད།   བྱམས་མགོན་གྱིས་རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་དང་བཅས་པ་མི་ཡུལ་དུ་སྐྱེས་སུ་བསྐུར་བས་བྱམས་ཆོས་སྡེ་ལྔ་ཞེས་ས་གསུམ་གྱི་མིག་གཅིག་བུར་གྱུར་པ་འདི་ལགས་སོ།     དེས་ན་བོད་གངས་ཅན་གྱི་ལྗོངས་འདིར་ཡང་སྔོན་བྱོན་པའི་མཁས་པ་དུ་མ་དང་།   ཁྱད་པར་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ནི། ཇི་སྐད་དུ་རྟོགས་བརྗོད་ལས།   དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།    འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།     གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།   ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།     ཞེས་གསུངས་པ་ལྟར་མི་ཕམ་མགོན་པོ་དང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མཛད་པས་ན།   དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཤད་གྲྭ་རྣམས་སུ་བཀའ་པོཏ་ཆེན་པོ་ལྔ་ལ་རྩལ་འདོན་མཛད་པ་ཡིན་ནོ།          
      དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱངས་པ་ཙམ་གྱི་མི་ཆོག་པར།    འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ངེས་པར་སྦྱངས་དགོས་པས།   རྒྱུད་སྡེ་བཞི་དང་དེའི་དགོངས་འགྲེལ་རྒྱ་བོད་ཀྱི་གཞུང་རྣམས་དང་ཁྱད་པར་རྗེ་ཐམས་ཅད་མཁྱེན་པའི་སྔགས་རིམ་ཆེན་མོ་དང་རིམ་ལྔ་གསལ་སྒྲོན་སྦས་དོན་ཀུན་གསལ་སོགས་དང་།   མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དང་བརྟག་གཉིས་རྣམ་བཤད་སོགས་ཀྱི་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་རྒྱུད་དོན་ལ་ནང་བྱན་ཆུད་པར་བྱས་ནས་རྒྱུད་གྲྭ་རྣམས་སུ་སྔགས་ཀྱི་དམ་བཅའ་འཇོག་དགོས་སོ།   དེ་ལྟར་དགེ་འདུན་གྱི་སྡེ་ཆེན་པོ་འདིར་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་སོགས་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་དམ་པ་མང་བོ་བྱོན་པའི་ཁྲོད་ན།     ༧རྒྱལ་དབང་པན་ཆེན་རྣམ་གཉིས་དང་།     ས་སྐྱའི་བདག་ཆེན།    ཆབ་མདོའི་ཞི་འཕགས་གཉིས།   ལྕང་སྐྱ་དང་ཐུའུ་བཀན་ལྟ་བུ་བསྟན་པའི་བདག་པོ་རྣམས་ཀྱི་བླ་མ་དང་ཡོངས་འཛིན།    སྐུ་འབུམ་སོགས་ཀྱི་ཁྲི་བ་དང་མཁན་པོ།    གོང་མ་མཆན་ལུང་སོགས་རྒྱལ་བློན་ཝང་ཆེན་པོ་འགའི་དབུ་བླར་བཀུར་བ་མང་བོ་བྱོན་ཏེ་བཤད་སྒྲུབ་བསྟན་པའི་བྱ་བ་རྒྱ་བོད་སོག་གསུམ་དུ་སྤེལ་མཁན་ནི།     དུས་གསུམ་རྒྱལ་བའི་སྤྱི་གཟུགས ༧ ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་དང་བོ།       སྐུ་ཕྲེང་གཉིས་པ ༧ རྗེ་འཇིགས་མེད་དབང་བོ།     མཁྱེན་གཏེར་ངག་དབང་བཀྲ་ཤིས།   འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ།    དབལ་མང་དཀོན་མཆོག་རྒྱལ་མཚན།    མདོ་རྒྱུད་གདམས་པའི་བང་མཛོད་རྗེ་ཤེས་རབ་རྒྱ་མཚོ།     ཨ་ཁུ་ཐབས་མཁས་ཚང།     རྗེ་གུང་ཐང་བློ་གྲོས་པ།    ཨ་ལགས་བླ་ཁོ་རིན་པོ་ཆེ།    དགེི་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ།    རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།   དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ།    རྗེ་གྲགས་པ་རྒྱ་མཚོ་ལ་སོགས་པ་བྱོན་ཏེ་དགེ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།    མདོར་ན་བཀའ་པོཏ་ཆེན་པོ་ལྔ་ལ་ཅི་ཙམ་གྱི་རིང་ལ་རྩོད་པ་འགྲོ་བ་དང།    ཆོས་ཐོག་གང་ལ་གཞུང་གང་རྩོད་པ་དང་ཚོགས་ཆོས་གྲྭའི་ཞལ་འདོན་གྱི་རིམ་པ་དང་ཆོས་སྤྱོད་ཀྱི་དབྱངས་རྟ་ཉམས་སུ་བཞེས་རྒྱུའི་འགྲིག་ལམ་ཆེ་ཕྲ་མཐའ་དག་དཔལ་ལྡན་བཀྲ་ཤིས་སྒོ་མང་ལྟར་ཡིན་པས་ད་ལྟ་དབུས་གཙང་གཉིས་པ་ཞེས་ཀུན་གྱིས་བསྔགས་པའང་དོན་དང་མཐུན་པར་རིགས་སོ།       གདན་རབས་ནི།    གོང་ས་ཀུན་མཁྱེན་མཆོག་ནས་བཟུང་འབོ་རའི་མུ་ཏོ་སྤྲུལ་བའི་སྐུ་སྐལ་བཟང་འཇིགས་མེད་རིགས་པའི་སེངྒ་བར་དགུ་བཅུ་གོ་གཉིས་བྱོན།   
 
         གཉིས་པ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནི།    དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས།   ཁམས་གསུམ་གྱི་འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་ས་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱིས།   གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་གསུངས་པ་རྣམས་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ཞིང་།   ཐེག་པ་ཆེན་པོ་ལ་ཡང་ཕར་ཕྱིན་དང་སྔགས་ཀྱི་ཐེག་པ་གཉིས་ལས།   མཆོག་ཏུ་གྱུར་པ་ནི་ཕྱི་མ་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་བཞེད་ཅིང་།    དེ་ལྟ་བུའི་གསང་སྔགས་ཀྱི་ཐེག་པ་ཡང་བཤད་སྒྲུབ་ལ་རག་ལས་པ་དང་།    དེ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་པས།   དོན་གྱི་དབང་འདི་གཟིགས་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོས་རྗེ་བཙུན་ཤེས་རབ་སེང་གེ་ལ་བཀའ་གནང་ནས་སྲད་རྒྱུད་དང་།    དབུས་སུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་འཛུགས་པར་མཛད།   ཕྱི་མ་ལས་མཆེད་དེ་རྒྱུད་ཆེན་ཀུན་དགའ་དོན་འགྲུབ་ཀྱིས་དབུས་ཀྱི་རྒྱུད་སྟོད་ཀྱང་བཙུགས།
དེ་དག་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་དབུས་གཙང་ཁམས་གསུམ་དུ་རིག་པ་འཛིན་པའི་འདུས་སྡེ་དར་ཞིང་རྒྱས་པར་གྱུར་ལ།   ཕྱོགས་འདིར་ཁྱབ་བདག་འཁོར་ལོའི་དགོན་པོ ༧ ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་བོ་དེ་ཉིད་དགུང་ལོ་རེ་དགུ་བ་སྤྱི་ལོ ༡༧༡༦ རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ལོའི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་རྒྱུད་གྲྭ་གསར་དུ་ཚུགས་ཤིང་།    རྗེི་རང་ཉིད་ཆོས་གྲར་བྱོན་ཏེ་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་དང་།    བསྐྱེད་རྫོགས་ཀྱི་བརྩི་བཞག་གནང་སྟེ་མཇུག་ཏུ་ལོ་རེ་བཞིན་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་ཚར་རེ་དང་།   ཊིཀྐའི་བརྩི་བཞག་ཚང་མ་རེ་འགྲོ་དགོས་ཤིང་། འདོན་རྟ་དབྱངས་ཕྱག་ལེན་སོགས་ལྷ་སའི་རྒྱུད་སྨད་བཞིན་བྱེད་དགོས་པའི་ཞལ་བཀོད་བསྩལ།      ཕྱིས་སུ་སྡེ་ཁྲི་རིན་པོ་ཆེ་དགུང་གྲངས་ང་དགུ་བཞེས་པ་ལྕགས་ཕག་ལོར།   རྒྱུད་པའི་བླ་མར་བཞུགས་སྐབས་ལྷ་སའི་སྨད་རྒྱུད་ལྟར་གྱི་ཐིག་ཆོག་དང་བཅས་པའི་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ།     བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་དང་།   རབ་གནས་ཆེན་མོ། མགོན་ཆོས་རྒྱལ་ཆོས་སྤྱོད་སོགས་ཀྱི་འདོན་རྟ་དབྱངས་དང་མེ་རི་བཅའ་བཟོ་སོགས་ཀྱི་ཕྱག་ལེན་རྣམ་པར་དག་པ་བཙུགས་ཏེ་གསང་སྔགས་ཀྱི་བསྟན་པའི་རྐང་ཚུགས་པར་བྱས།      དེས་ན་གྲྭ་ཚང་འདིར་ཞུགས་པའི་དགེ་འདུན་རྣམས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་བརྗོད་པ་ལ་དྲུག་ལས།   དང་བོ་འཇུག་པའི་སྒོ་ནི།    དགེ་བཤེས་དང་དཀའ་རམས་ཀྱི་རིགས་ཆོས་ཐོག་ཕལ་ཆེར་ལ་ཞུགས་ཆོག    གསར་དུ་འཇུག་པའི་དགེ་ཚུལ་སློང་དཀའ་རམས་གང་ཡིན་ཀྱང་རང་རང་གི་ས་ཆ་ལུང་པའི་མི་རྒྱུས་ཡོད།   གྲྭ་ཚང་འདིར་ཞུགས་ནས་མ་མཐའ་ལོ་གསུམ་སོང་བ་རེ་དགེ་རྒན་བྱས་ནས་སྐྱོན་ཡོད་མེད་དང་ཡོ་བྱད་རྣམས་ཨེ་ཚང་ལྟ་དགོས།   སྐྱོན་མེད་པ་དང་ཡོ་བྱད་ཚང་བར་འདུག་ན་ཆོས་ཐོག་སྔ་མ་ལ་དགེ་རྒན་གྱིས་ཁྲིད་ནས་བླ་མ་ལ་སྙན་གསན་འབེབས།   བླ་མ་དབུ་མཛད་དང་དགེ་བསྐོས་གཉིས་ལའང་དེའི་རྒྱུ་མཚན་ཞུས་ཏེ་ཆོས་ཐོག་རྗེས་མ་ལ་འཇུག་དགོས།   བསྐྱེད་རིམ་པ་རྣམས་ཀྱིས་འཇིགས་བྱེད་དང་གསང་འདུས་གཉིས་ཀྱི་འདོན་ཆའི་སྐོར་དང་། མགོན་ཆོས་གཉིས་དགེ་རྒན་དང་བླ་མ་དབུ་མཛད་དང་དགེ་བསྐོས་བཅས་ལ་རྒྱུག་སྤྲོད་དགོས།     རྒྱུག་ལྷག་མ་རྣམས་ལོ་གསུམ་ཚུན་ལ་ངེས་པར་སྤྲད་ཚར་དགོས།     གཉིས་པ་འཇུག་པ་པོའི་རྟེན་གྱི་གང་ཟག་ནི།   དགེ་ཚུལ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ།   རྩ་བ་བཞི་ཆང་དང་བཅས་པ་ལ་མཐོང་ཐོས་དོགས་གསུམ་གྱི་གནས་མེད་པ།    ཞ་ལོང་འཐེང་གསུམ་མ་ཡིན་པ།   གྲྭ་ས་གཞན་ནས་གནས་དབྱུང་བྱས་པ་མ་ཡིན་པ་སོགས་དང་།   གསུམ་པ་དེའི་བསམ་པའི་ཁྱད་པར་ནི།   གྲྭ་ཚང་འདིར་ཞུགས་ནས་མ་མཐའ་ལོ་གསུམ་འདུག་བསམ་པ་དགོས་ཤིང་།   མ་འགྱངས་པར་དགོངས་པ་གཏན་ཞུས་བྱས་མི་ཆོག   བཞི་བ་ཡོད་བྱད་ཀྱི་ཁྱད་པར་ནི།   ཞྭ་དང་ཟླ་གམ་གཟན་ཤམ་སོགས་མཐའ་གཉིས་སུ་མ་ལྷུང་བ་དང་།  ཆོས་གོས་རྣམ་གསུམ་སོགས་ཆོས་སྤྱོད་ཀྱི་དགོས་པའི་ཡོ་བྱད་ཐམས་ཅད་འདུལ་བ་དང་མཐུན་པར་འཆང་དགོས།     ལྔ་བ་ཚོགས་ཀྱི་ཀུན་སྤྱོད་ཀྱི་རིམ་པ་ནི།    ཆོས་ཐོག་གི་སྐབས་མཁར་བརྡ་གཏོང་དུས་འཛིན་གྲྭའི་གོ་རིམ་བཞིན་བཞུགས་ནས་ཕྱག་འཚལ་ཞིང་ལྟུང་བཤགས་གསུང་བ་མ་གཏོགས། [s]a000004.jpg 
སྐྱོར་སྦྱངས།   གླེང་མོ། རང་དགར་སྡོད་པ་སོགས་བྱེད་ས་མེད། གྲལ་དུ་ཞུགས་པའི་ཚེ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་དྲང་པོར་བཞུགས་ནས་ཚོགས་གྲོལ་རག་བར་དུ་འདོན་པ་གསུང་བ་མ་གཏོགས། སྔོན་ལ་འབུར་བ། རྒྱབ་ལ་བསྙེ་བ། ཁ་བཏུམ་གཞོག་གཅུས་སོགས་བྱེད་ས་མེད།  དྲུག་པ་ཞར་བྱུང་གི་སྐོར་ནི།   དཔོན་སློབ་ཀྱིས་དཔྱིད་ཆོས་ཆེན་མོ་ནས་སྟོན་ཆོས་ཆེན་མོའི་བར་དུ་འགྲེལ་བ་བཞི་སྦྲགས་བཤད་ལུང་དང་བཅས་པ་ཚར་དགོས།   རྩི་བཞག་ཊིཀྐ་ཆེ་བའི་ལེའུ་བཅུ་གསུམ་པའི་བར་དང་།   ཊིཀ་ཆུང་ལེའུ་བརྒྱད་པ་ལ་སླེབ་དགོས།   བསྐྱེད་རིམ་པ་རྣམས་ལ་བསྐྱེད་རིམ་ཚང་བར་རྫོགས་དགོས། ཆོས་མཚམས་ཀྱི་དུས་ཀྱང་མིག་མངས་ལོང་གཏམ་སོགས་ཚུལ་མིན་རྣམས་སྤངས་ཏེ།   ལམ་རིམ་དང་སྔགས་རིམ།   རྩ་ལྟུང་རྣམ་བཤད།   ཚུལ་ཁྲིམས་ལེའུ་རྣམ་བཤད།   མཁས་གྲུབ་རྗེས་མཛད་པའི་རྒྱུད་སྡེ་སྤྱི་རྣམ།   མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དམ་ཚིག་གསལ་སྒྲོན་སོགས་ལ་ཐོས་པ་མཛད་དེ་མྱུར་ལམ་རྡོ་རྗེ་ཐེག་པའི་ཉམས་ལེན་ལ་འགྲུས་པ་དགོས་སོ།   གདན་རབས་ནི།     ༧ཀུན་མཁྱེན་མཆོག་ནས་བཟུང་བསོད་གྲགས་སྤྲུལ་པའི་སྐུ་སྐལ་བཟང་བསོད་ནམས་རྒྱ་མཚོའི་བར་གྱ་གསུམ་བྱོན།    ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号