ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
  

ཧོར་ཟླ་གཉིས་པའི་ཚེས་ལྔའི་ཉིན་ཀུན་མཁྱེན་སྐུ་ཕྲེང་དང་པོའི་གདུང་མཆོད་དང་འབྲེལ་ནས་ཚོགས་མཆོད་ཉིན་ལྔར་སྨོན་ལམ་གསུང་ཆོས། སྨོན་ལམ་སྐབས་ཀུན་མཁྱེན་གསང་རྣམ་གསུང་དགོས་པ་མ་གཏོགས་གཞན་སྨོན་ལམ་གསུང་ཆོས་པོ་ཏི་ལྔའི་དམ་བཅའ་སོགས་ཆོ་འཕྲུལ་སྨོན་ལམ་ནང་བཞིན་ཡིན་ལ།   ཚེས་བརྒྱད་ལ་མཆོད་པའི་བྱེ་བྲག་མཐའ་ཡས་པ་དང་བཅས་ཏེ་སེར་སྦྲེང།    དགོན་པའི་ཕྱོགས་བཞི་ནས་ཁྲུས་གསོལ་དང་།    མདུན་ངོས་ཀྱི་ཁྲོམ་རྭའི་དབུས་སུ་གོས་སྐུ་བཤམས་ཏེ་དགེ་སློང་བཞིས་ཕྱག་འཚལ་རྒྱས་པ་དང་བཅས་གླིང་མཐའ་སྐོར་བ་བྱས་ཏེ་སྟོན་ཆོས་སུ་ཕེབས་ནས་གར་ཕྲུག་རྣམས་འཆམ་པ་དང་།ཚོགས་ཆེན་ཁྲི་རིན་པོ་ཆེ་གཙོར་མཛད་གསེར་ཁྲི་མཁན་པོ་ཁྲི་གདན་ཟུར་ལས་སྣེ་ཁག་གྲྭ་སྐོར་བ་བཅས་ཀྱིས་སངས་རྒྱས་བསྟན་འབར་མ་གསུང་བཞིན་བཀྲ་ཤིས་པའི་མེ་ཏོག་འཐོར་ཏེ་ཤིས་བརྗོད་བྱའོ།
      ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཀུན་མཁྱེན་སྐུ་ཕྲེང་བཞི་བའི་གདུང་མཆོད།   ཚེས་ཉེར་གསུམ་ལ་སྐུ་ཕྲེང་ལྔ་བའི་གདུང་མཆོད།   དགུ་བའི་ཚེས་དྲུག་ལ་སྐུ་ཕྲེང་གསུམ་པའི་གདུང་མཆོད།     བཅུ་བའི་ཚེས་ཉེར་བདུན་ལ་སྐུ་ཕྲེང་གཉིས་པའི་གདུང་མཆོད་ཡིན་ལ་ཉིན་དེ་རྣམས་སུ་ཞོགས་པར་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་།    ཚ་རྟིང་མར་དབུ་མ་འཇུག་པ་དང་གོང་ཚིགས་ལ་སོ་སོའི་རྣམ་ཐར།   ཕྱི་དྲོ་གདུང་མདུན་རྒྱས་པ།  མཚན་མོར་འཛིན་གྲྭ་སོ་སོའི་དུས་བཟང་།  ཞལ་ཟས་རྒྱ་མཚོ་མ་དང་གླིང་མེ་ཁྲི་མཆོད་འབུལ་བ་སོགས་དགོན་གྲོང་ཀུན་གྱིས་བླ་མའི་ཐུགས་དགོངས་རྫོགས་ཕྱིར་སྡིག་སྤོངས་དགེ་སྒྲུབ་སོགས་རྣམ་དཀར་གྱི་ལས་ལ་གཅིག་ཏུ་གཞོལ་བ་དང་།   སྲས་གྱི་ཐུ་བོ་དག་ལའང་དུས་མཆོད་རྣམས་སུ་གདུང་མདུན་དང་གླིང་མེ་སོགས་གོང་བཞིན་བྱེད།
ཧོར་ཟླ་དྲུག་པའི་ཚེས་ཉེར་གསུམ་ནས་ཉེར་བརྒྱད་བར་ལ་གླིང་བསྲེས་ཚུགས་ཤིང་།  དེའི་ལོ་རྒྱུས་རགས་ཙམ་ནི།  རྒྱ་གར་འཕགས་ཡུལ་དུ་རིག་པའི་གནས་ལྔར་མཁས་པ་ལ་པཎྡི་ཏ་ཞེས་མཚན་འདོགས་སྲོལ་བཙུགས་ཤིང་།  གངས་ཅན་གྱི་ལྗོངས་འདིར་མཉམ་མེད་ཇོ་བོ་ཆེན་པོའི་བཀའ་ལུང་ལྟར་གསང་ཕུའི་གནས་དེར་རྔོག་ལེགས་པའི་ཤེས་རབ་དང་རྔོག་བློ་ལྡན་ཤེས་རབ་རྣམ་གཉིས་ཀྱིས་བསྟན་པའི་གཞི་མ་ལུང་རིགས་ཀྱི་བཤད་གྲྭ་ཚུགས་པར་མཛད་ཅིང་བསྟན་པ་ལ་བཟང་འགྲན་གྱི་ཚུལ་དུ་གླིང་སྟོད་སྨད་བསྲེས་ནས་རྩོད་པ་མཛད་པ་ལ་གླིང་བསྲེས་ཞེས་གྲགས།   སྲོལ་དེ་ཉིད་དཔལ་ལྡན་འབྲས་སྤུངས་སུ་ཚགས་ཤིང་སྡེ་འདིར་ཡང་རབ་བྱུང་བཅུ་གཉིས་པའི་ཤིང་ལུག་སྤྱི་ལོ ༡༧༡༥ ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་ཀྱིས་གླིང་བསྲེའི་ཕྱག་ལེན་བཙུགས་ནས་ཉིན་རེ་བཞིན་བཤད་རིང་པ་གཉིས།  བར་གཞུང་པ་གཉིས།  ཕྱི་གཞུང་པ་བཞི་སྟེ་བརྒྱད་རེ་བཀས་བཅད་ལྟར་ཕར་ཕྱིན་གྱི་གཞུང་བཞི་རེ་དང་།  རྣམ་འགྲེལ་གྱི་གཞུང་བཞི་རེ་ལ་བཤད་པ་དང་། དེ་རེ་རེའི་སྟེང་ནས་ཕན་ཚུན་བགྲོ་གླེང་བྱེད་པ་ལ་གྲྭ་བ་གླིང་བསྲེ་དང་། བླ་མ་གླིང་བསྲེ་ལ་ཚོགས་ཆེན་ཁྲི་རིན་པོ་ཆེ་ནས་པོ་ཏི་ལྔའི་གཉིས་ལ་འབྱམས་བཤད་དང་།  པོ་ཏི་གསུམ་ལ་དོན་འབྲུའི་ས་བཅད།  རྒྱུད་པ་དཔོན་སློབ་ཀྱིས་འགྲེལ་བ་བཞི་སྦྲགས་དང་།     རྒྱུད་ཊིཀ     དུས་འཁོར་དཔོན་སློབ་ཀྱི་འགྲེལ་ཆེན་དྲི་མེད་འོད་དང་།  ཊིཀ་ཆེན་དེ་ཉིད་སྣང་བ།    སྨན་པ་དཔོན་སློབ་ཀྱིས་བྱང་སའི་ནང་ཚན་ཐོས་པའི་སའི་ནང་དུ་གསོ་རིག་རྒྱུད་བཞི་བསྣན་ནས་རིག་གནས་ལྔའི་གསུང་བཤད་གནང་བ་སོགས་གྲྭ་ཚང་བཞིའི་དཔོན་སློབ་ཁྲི་གདན་ཟུར་དང་།  དགེ་བའི་བཤེས་གཉེན་ཆེ་བགྲེས་ཐམས་ཅད་གདན་འཛོམས་ནས་རྒྱན་དྲུག་མཆོག་གཉིས་དམ་པའི་ཆོས་ཀྱི་བགྲོ་བ་ལ་ཞུགས་པ་ལྟ་བུའི་བགྲོ་གླིང་གནང་ནས་ཐུབ་བསྟན་རྫོགས་ལྡན་གསར་བའི་དཔལ་ལ་འགོད་པའི་སྲོལ་བཟང་བོ་གོང་འཕེལ་དུ་ཡོད་།  ཞལ་འདོན་གྱི་རིམ་པ་ལའང་།  སྐབས་གསུམ་པ་དང་།  དཔལ་ལྡན་ས་གསུམ་མ།  རིགས་ལུང་ཆོས་སྤྱོད་རྣམས་དང་མཇུག་ཏུ་ཚིག་བཀྲ་བསྔོ་བ་བསྟན་འབར་མ་བཅས་གསུང་།   དེ་ནས་ཉིན་གཉིས་ལ་མགོན་ཆོས་ཀྱི་བསྐང་གསོ་རྒྱས་པ།
ཧོར་ཟླ་བདུན་པའི་ཚེས་གཅིག་ནས་ཟླ་ཕྱེད་ཀྱི་རིང་ལ་རིགས་གྲྭ་ཚོགས་ཏེ་ཉིན་རེར་ཚོིགས་ཐེབས་གཉིས་རེ་ཚོགས་ཐེབས་རེ་རེ་བཞིན་དགེ་བཤེས་རྣམ་པ་གཉིས་རེ་བཞེངས་ཏེ་པོ་ཏི་ལྔའི་གཞུང་ལ་བརྒལ་བརྟགས་ཚོགས་ལངས་རྒྱ་ཆེར་གནང་ཞིང་མང་འགྱེད་ཞོ་སྟོན་སོགས་དཔལ་ལྡན་འབྲས་སྤུངས་ལྟར་ཚུགས་ཡོད།  ཚེས་བརྒྱད་ཀྱི་སྔ་དྲོ་རྟེན་མཇལ།    དེ་ནས་སེང་འཆམ་དང་རྗེ་མི་ལའི་རྣམ་ཐར་ཁྱི་ར་སྐོར་གསུམ་གྱི་འཆམ་བཅས་ཚུགས་ཡོད།  ཚེས་བཅོ་ལྔའི་ཉིན་སྐབས་བརྒྱད་པའི་འཕྲིན་ལས་པ་གཉིས་ཀྱིས་ས་བཅད་འཕྲོས་རིང་ཚིག་་བཀྲ་གང་མང་མཆོད་ཡར་རྒྱས་པ་བྱེད་པ་དང་། ཚོགས་ཀྱི་ཞལ་འདོན་ལ་མངོན་རྟོགས་རྒྱན་དང་། འཇམ་དབྱངས་ཆོས་རྗེའི་གསོལ་འདེབས་ཡོན་ཏན་དཀྱིལ་འཁོར་མ་གསུང་བ་སོགས་གནའ་དུས་ཀྱི་བསྟན་སྲོལ་བཟང་བོ་སྐྱོང་ཞིང་།   ཚེས་བཅུ་བདུན་ནས་ཉེར་གསུམ་བར་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་བཀོད་བཞིན་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཆེན་པོས་སྔགས་ཀྱི་དམ་བཅའ་ཆེན་མོ་ཚུགས། སྐུ་ཡོན་ཅན་རྒན་གྲས།  མདོ་སྔགས་ཀྱི་དམ་བཅའ་བཞག་ཟིན།  རྡོ་རམས་པ་། བཀའ་རམས་དགེ་སློང་རྣམས་ཕེབས་པ་ཡིན།
 ཧོར་ཟླ་བཅུ་བའི་ཚེས་ཉེར་གསུམ་ལ་སྤོང་ཐགས་ཀྱི་འགྱེད་དང་། ཉེར་ལྔར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཕྱག་སྲོལ་ལྟར་ལྔ་མཆོད་ཆེན་མོ་ཚུགས་ཏེ། ཚོགས་ནས་དམིགས་བརྩེ་མའི་འབྲས་རྟ་དང།   འཇིགས་བྱེད་ལྷ་བཅུ་གསུམ་མའི་ཆོ་ག   དཔལ་ལྡན་ས་གསུམ་མའི་འབྲས་རྟ་སོགས་ཞལ་འདོན་རྒྱས་པ་དང་།དགེ་བསྐོས་གསར་གཞེངས་ཀྱི་བཞུགས་གྲལ་ནས་རྒན་ཤོས་གཅིག་གིས་གྲལ་འཕྲོས་བསླབ་བྱའི་ཚུལ་དུ་འབུལ་སྲོལ་ལྟར་བྱས་ཏེ་ཚ་རྟིང་མར་ཞལ་ངོ་གསར་དུ་གཞེངས་ཏེ་བསྟན་པའི་སྐྱོང་རིམ་དང་བཅའ་ཡིག་ཀློག་པ་དང་།
གོང་ཚིགས་ལ་རྗེའི་རྣམ་ཐར་ཞུ་དགོས།   མཚན་མོ་འཛིན་གྲྭ་སོ་སོའི་དུས་བཟང་དང་།  དགོན་གྲོང་ཚང་མས་གླིང་མེ་མཆོད་འབུལ་ཞལ་ཟས་རྒྱ་མཚོ་མ་སོགས་རྒྱ་གང་ཆེ་བསྒྲུབ་པ་སོགས་དགེ་ལྡན་བསྟན་པའི་སྲོལ་བཟང་མ་ཉམས་པར་བྱེད།
དབྱར་ཆོས་ཆེན་མོ་དང་།  དགུན་ཆོས་ཆེན་མོ་གཉིས་ཀྱི་རྡོ་བཅལ་དུས་བཟང་ལ་ཆོས་སྤྱོད་བརྒྱད་ཅུ་ཡོངས་རྫོགས་འགྲོ་དགོས་པ་སོགས་ཚོགས་ཆེན་གྱི་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་ལ་ཆོས་སྤྱོད་ཀྱི་འདོན་རྟ་དབྱངས་སོགས་འབྲས་སྤངས་ཚོགས་ཆེན་ལྟར་དང་།  མགོན་ཆོས་ཀྱི་བསྐང་གསོའི་དབྱངས་རྟ་སོགས་སྨད་རྒྱུད་ལྟར་ཡིན་ལ། ཟླ་ནམ་བྱུང་གི་གཉིས་གསུམ་ལ་ལྷ་ཚེས་དང་།  དུས་མཆོད་རྣམས་ལ་གདུང་མདུན། ཡར་ངོར་གནས་བཅུ་ཚོགས་འདོན་དང་། དགའ་ལྡན་བྱང་རྩེ་ལྟར་མར་ངོར་མགོན་ཆོས་གཉིས་ཀྱི་བསྐང་གསོ་དང་རྔ་ཆིངས། རྒྱུན་ཇའི་ཚོགས་འདོན་འཇིགས་བྱེད་ཆག་མེད་དང་། ཡར་ངོ་མར་ངོའི་གསོ་སྦྱོང་སོགས་གཞི་གསུམ་གྱི་ལག་ལེན་ནམ་ཡང་མི་ཉམས་པའི་རྒྱུན་བཙུགས།  གྲྭ་ཚོགས་འཕེལ་རྒྱས་བྱུང་ཚུལ་ནི།   སྐུ་ཕྲེང་དང་པོའི་དུས་སུ་སུམ་བརྒྱ་ལྷག་དང་།  གཉིས་པའི་དུས་སུ་ཉིས་སྟོང་ལས་བརྒལ།   གསུམ་པའི་དུས་སུ་སུམ་སྟོང་དུ་འཕེལ།   སྐུ་ཕྲེང་དྲུག་པ་སྐུ་ན་གཞོན་སྐབས་སུམ་སྟོང་དྲུག་བརྒྱ་ལྷག་བཅས་བཞུགས་པ་དེ་ལ་བོད་ལྗོངས་དང་།   ཟི་ཁྲོན།  མཚོ་སྔོན།  ཀན་སུའུ། ཕྱི་སོག   ནང་སོག  རྒྱ་རིགས་སོགས་ཡུལ་གྲུ་སོ་སོ་ནས་འདུས་པའི་གྲྭ་རྒྱུན་ཡོད། དེ་ཡང་ཆོས་སྡེ་འདིར་འཇུག་པ་པོའི་རྟེན་གྱི་གང་ཟག་ནི།  སྡོམ་པ་སྐྱེ་བ་དང་གནས་པ་སོགས་ཀྱི་བར་ཆད་དང་བྲལ་ཞིང་།   མཁན་པོ་ཚད་ལྡན་ལས་རབ་ཏུ་བྱུང་བ།  ཕྱོགས་གཞན་ནས་གནས་དབྱུང་བྱས་པ་མིན་པ།  ཕམ་བཞི་ཆང་སོགས་ཀྱི་མཐོང་ཐོས་དོགས་གསུམ་མེད་པ།  ཆོས་ལ་དོན་གཉེར་ཆེ་ཞིང་ལྟ་གྲུབ་གཙང་བ།  ཆོས་འདུལ་བའི་ཀུན་སྤྱོད་དང་མཐུན་པ་ཞི་དུལ་ཚངས་པར་སྤྱོད་པའི་ངང་ཚུལ་དང་ལྡན་པ། སྡེ་འདིར་ཡུན་རིང་སྡོད་པའི་བསམ་པ་དང་ལྡན་པ་ཞིག་ཡིན་དགོས། དེ་ལྟར་འཆད་ཉན་ཕྱག་ལེན་དུ་བསྟར་ཚུལ་ཡང་། ཚོགས་ཆེན་གྱི་ཁྲི་རབས་དང་པོ་ཀུན་མཁྱེན་མཆོག་དང་། གཉིས་པ་བསེ་ངག་དབང་བཀྲ་ཤིས་ཚང་། གསུམ་པ་སྡེ་བ་བློ་བཟང་དོན་གྲུབ་པ་ནས་གདན་རབས་དགུ་བཅུ་གོ་གཉིས་པ་འབོ་རའི་མུ་ཏོ་སྤྲུལ་བའི་སྐུ་སྐལ་བཟང་འཇིགས་མེད་རིགས་པའི་སེངྒེ་རབ་བྱུང་བཅུ་གཉིས་པའི་ས་གླང་ནས་བཅུ་བདུན་པའི་མེ་ཡོས་བར་ཆོས་སྡེ་ཆེན་པོ་འདིར་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་ཡབ་སྲས་ནས་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་སྲོལ་གང་ཚུགས་ཉམས་པ་སོར་ཆུད་དང་། གནས་པ་གོང་འཕེལ་གྱི་སྒོ་ནས་འགྲིག་ལམ་མཐའ་དག་ལ་རྟིང་སྐུལ་གྱི་གཙོ་བོ་ཚོགས་ཆེན་ཁྲི་རིན་པོ་ཆེས་མཛད་དགོས་པ་དང་།ཚོགས་ཆེན་ཞལ་ངོ་བགྲེས་གཞོན་དང་གྲྭ་ཚང་སོ་སོའི་ཁྲི་བ་དང་དགེ་བསྐུལ་དབུ་མཛད་བཅས་ཀྱིས་རང་རང་སོ་སོའི་ལས་སྒོ་མ་ཉམས་པར་གནང་བ་ཡིན།    ཚོགས་ཆེན་འདུ་ཁང་ནི།   
1412106_012132403_2.jpg 
༧ ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་པོས་གསུངས་བཀོད་གནང་བ་ལྟར།   རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༧༡༠ ལོར་ཆོས་རྒྱལ་ཇུ་ནང་ཚེ་དབང་བསྟན་འཛིན་གྱིས་སྦྱིན་བདག་བྱས་ཏེ་འདུ་ཁང་ཀ་བ་བརྒྱད་ཅུ་དྲི་གཙང་ཁང་དང་བཅས་པ་གསར་དུ་བཞེངས།    ཕྱིས་སུ་ཚོགས་པ་ཧ་ཅང་རྒྱ་ཆེ་སྟབས་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་སྐྱབས་རྗེ་འཇིགས་མེད་དབང་བོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེ་དཔལ་བཟང་བོས་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་སོ་གསུམ་པ་ཆུ་འབྲུག་སྤྱི་ལོ ༡༧༧༢ ལོར་འདུ་ཁང་རྒྱ་བསྐྱེད་དེ་ཀ་བ་བརྒྱ་དང་བཞི་བཅུ་བ་ཁོ་ར་ཁོར་ཡུག་སོགས་ལེགས་པར་བཞེངས།   སླར་ཡང་ཀུན་མཁྱེན་ལྔ་བ་ཆེན་པོའི་གསུངས་བཀོད་བཞིན་རབ་བྱུང་བཅུ་དྲུག་པའི་ས་བྱི་སྤྱི་ལོ ༡༩༤༨ ལོར་ཁོང་བླ་ཁོ་རིན་པོ་ཆེ་ནས་གཙང་ཁང་གྱན་བར་གཅིག་རྒྱ་བསྐྱེད་དེ་ཆོས་འདུལ་བ་དང་མཐུན་པར་བཞེངས་པའི་གཙུག་ལག་ཁང་ཕུན་སུམ་ཚོགས་པ་འདི་ཉིད་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་བླ་ན་མ་མཆིས་པར་གྱུར་བ་འདི་ལགས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号