ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །འབྲས་སྤུངས་དགོན།
སྤེལ་དུས།06-03  ཡོང་ཁུངས།  རྩོམ་པ་པོ།

       མཚན་རྒྱས་པར་བཀྲ་ཤིས་དཔལ་ལྡན་འབྲས་སྤུངས་དགོན་ནམ། དཔལ་ལྡན་འབྲས་སྤུངས་དགོན་ཞེས་ཞུ། གྲོང་ཁྱེར་ལྷ་ས་ནས་ནུབ་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཙམ་སོང་ན་དན་བག་ཏུ་འབྱོར་ཞིང༌། དེ་ནས་རི་ལྡེབས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་བཞི་ཙམ་འཛེགས་ན་དགོན་དེར་སླེབས། འབྲས་སྤུངས་ཞེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གསང་་ཀྱི་རྒྱུད་སྡེ་གསུང་སའི་གནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཞེས་བྱ་བ་ཞིག་ཡོད་པས་དེའི་མཚན་བཏགས་པའམ། འཇམ་དབྱངས་ཆོས་རྗེ་དན་བག་ཏུ་བཞུགས་ཡོད་པ་ལ། རྗེ་ཙོང་ཁ་པ་སྟོད་ལུང་ཆུ་ཚན་ནས་མར་ཕེབས་པ་དང་མཇལ་བས་རྗེ་ཙོང་ཁ་པས་ཁྱེད་ཀྱི་དགོན་པ་གང་འདྲ་བཏབ་ཡོད་ཅེས་གསུངས་པར། ངའི་དགོན་པ་འབྲས་སྤུངས་ལྟར་བཏབ་ཡོད་ཅེས་ཞུས་པས། བདེན་པ་ཞེས་གསུངས་པས་ད་ལྟའི་དན་བག་ལ་ཐོག་མར་བདེན་པ་ཞེས་པ་དང༌། རྗེས་སུ་དན་བག་ཅེས་པར་རིམ་བཞིན་སྒྲ་འགྱུར་ཞེས་དང༌། འབྲས་སྤུངས་ཞེས་པའང་དེ་ལྟར་བྱུང་ཞེས་གྲགས། དགོན་དེ་ནི་སྤྱི་ལོ1416ལོར་རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཕྱག་བཏབ་གནང་མཛད། དེའང་རྗེ་ཙོང་ཁ་པས་འཇམ་དབྱངས་ཆོས་རྗེར་ཀླུའི་རྒྱལ་པོ་མ་དྲོས་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་དུང་ཞིག་ཕུལ། སངས་རྒྱས་ཀྱིས་ཀུན་དགའ་བོར་ཆོས་དུང་འདི་འདི་ནས་རྩིས་པའི་བྱང་གི་ཕྱོགས་སུ་འགོག་པ་རི་ཞེས་པ་ཞིག་ཡོད་པས་དེར་གཏེར་དུ་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་གྱི་ཚོགས་དུང་དུ་འགྱུར་རོ་ཞེས་པའི་ཆོས་དུང་དེ་རྗེ་ཙོང་ཁ་པས་གཏེར་ལས་བཞེས་ཏེ་འཇམ་དབྱངས་ཆོས་རྗེར་གནང་སྟེ་ཁྱོད་ཀྱིས་དུང་འདི་ཁྱེར་ཏེ་སོང་ཞིག་གང་དུ་འབུད་སར་དགོན་རེ་ཆགས་ཡོང་ཞེས་གསུངས་པ་ཇི་བཞིན་དན་བག་ཏུ་ཕེབས་ཏེ་འདིར་དགོན་པ་ཞིག་བཏབ་ན་གྲྭ་ཚོགས་ཆེ་ཡང་སྤུས་ཀ་མི་འོང༌། དེ་ནས་འབྲས་སྤུངས་ཀྱི་རྒྱབ་རིའི་ཐུབ་པ་རིར་བཏབ་ན་དགོངས་པར་འདིར་བཏབ་ན་སྤུས་ཀ་ལེགས་ཀྱང་གྲྭ་ཚོགས་མི་འོང་དགོངས། དེ་ནས་ད་ལྟའི་དགོན་ཆགས་ཡུལ་དེར་འདེབས་རྒྱུར་ཐུགས་ཐག་བཅད། འོན་ཀྱང་ས་དེར་བྱམས་ཆེན་ཆོས་རྗེས་སྔ་ས་ནས་དགོན་པ་འདེབས་སའི་ས་བདམས་ནས་འདིང་བ་བཏིང་གནང་ཡོད། འཇམ་དབྱངས་ཆོས་རྗེས་ཀྱང་དགོན་པ་དེ་རང་དུ་འདེབས་དགོས་དགོངས་ནས་འདིང་བའི་འོག་ཏུ་ཕྱག་ཕྲེང་འཇོག་པར་མཛད། དེ་ནས་རྗེ་ཙོང་ཁ་པ་འཁོར་དང་བཅས་པ་ཕེབས། འཇམ་དབྱངས་ཆོས་རྗེས་ངའི་དགོན་པ་གནས་འདིར་འདེབས་ཀྱི་ཡིན་ཞུས་པར༌། བྱམས་ཆེན་ཆོས་རྗེས་གནས་འདི་ངའི་དགོན་པ་འདེབས་རྒྱུར་འདིང་བ་བཏིང་ཡོད་ཅེས་གསུངས་པས། འཇམ་དབྱངས་ཆོས་རྗེས་ཁྱོད་ཀྱིས་འདིང་བ་མ་བཏིང་གོང་ནས་ངས་ས་འདི་བདམས་ཏེ་ཕྲེང་བ་བཞག་ཡོད་ཅེས་གསུངས་ཏེ་འདིང་བའི་འོག་ནས་ཕྱག་ཕྲེང་བཏོན་གནང་བས་འཇམ་དབྱངས་ཆོས་རྗེའི་དགོན་པ་དེར་འདེབས་རྒྱུ་མཛད། སྣེའུ་དཔོན་ནམ་མཁའ་བཟང་པོ་ལ་ཆོས་སྡེའི་སྦྱིན་བདག་མཛད་དགོས་པའི་བཀའ་མངགས་སྔ་ཕྱིར་གནང༌། ཐོག་མར་ད་ལྟའི་ཚོགས་ཆེན་འདུ་ཁང་གི་ཤར་ངོས་སྒོ་ཆུང་ཤར་དུ་གཏོད་པའི་ནང་རང་གཤོང་སྤྱིལ་བུ་དང༌། དེ་ནས་དེའི་རྒྱབ་ཏུ་ད་ལྟའི་འཇམ་དབྱངས་ལྷ་ཁང་ནང་དགེ་འདུན་བདུན་ཚོགས། ཚང་མས་འཚང་ཁ་བསྐྱོན་པས་གཅིག་གི་ཞབས་ཆག དགེ་འདུན་བདུན་ཚོགས་པ་དེས་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ལོན་པའི་རྟེན་འབྲེལ་འགྲིགས་ཞེས་ཟེར། དེ་ནས་སྣེའུ་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་དགོན་དེ་བཏབ། དེ་རྗེས་རིམ་བཞིན་རྒྱལ་བ་སྐུ་ཕྲེང་ལྔ་པ་དང༌། སྡེ་སྲིད་བསོད་ནམས་རབ་བརྟན། སྡེ་སྲིད་བློ་བཟང་མཐུ་སྟོབས། ལྷ་བཟང༌། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བཅས་བར་རིམ་བཞིན་རྒྱ་སྐྱེད་མཛད་དེ་ད་ལྟའི་འབྲས་སྤུངས་དགོན་གྱི་གཞི་ཁྱོན་འདི་ཉིད་བྱུང༌། ད་ལྟའི་ཚོགས་ཆེན་འདུ་ཁང་ཀ་ཐུང159དང་ཀ་རིང24ཅན་རྒྱས་བསྐྲུན་གནང་བའི་འདུ་ཁང་ནུབ་གྲལ་གྱི་གཙང་ཁང་སྦུག་མར་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་སོ་ཉིས་ཐོག་ལ་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། འདུ་ཁང་གདོང་གྲལ་གྱི་དབུ་ལ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་འཇམ་དབྱངས་ཆོད་རྗེའི་སྐུ་བརྙན་མི་ཚད་ལྷག་དང༌། དེའི་་གཡས་སུ་གསེར་ཟངས་ཀྱི་བྱམས་པ་ཆོས་འཁོར་ཐོག་སོ་གཉིས་ཙམ་གཡོན་དུ་རྗེ་ཁམས་གསུམ་གཟིལ་གནོན། འདུ་ཁང་ཤར་གྲལ་གྱི་གཙང་ཁང་སྦུག་མར་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་མི་དབང་བྱམས་པ་ཐོག་སོ་ཉིས་ཐོག་སྤྲུལ་སྐུའི་ཆ་བྱད་ཅན་དང༌། འདུ་ཁང་ནུབ་ངོས་ལྷ་མོ་ཁང་ནང་དཔལ་ལྡན་ལྷ་མོ། བར་ཐོག་ཏུ་རྒྱལ་བ་སྐུ་ཕྲེང་གཉིས་པ་དང་བཞི་པའི་དངུལ་གདུང་དང༌། ཀླུ་འབུམ་མཆོད་རྟེན་ཞེས་པ་གཉིས། མི་དབང་ལྷ་ཁང་ནང་མི་དབང་བྱམས་པའི་ཞལ་རས་མཇལ་བ་དང༌། སྣེའུ་དཔོན་མོ་ཨ་འཛོམས་གྱི་གདོང་ཤེལ། གཞན་ཡང་བླ་སྐུ་ཁག བཀའ་འགྱུར་ལྷ་ཁང་ནང་གསེར་བྲིས་ཀྱི་བཀའ་འགྱུར་ལ་ཙན་དན་གྱི་གླེགས་ཤིང༌། གདོང་བ་སོ་ལ་རྒྱན་སྤྲོས་དང་ལྡན་པ་འཛམ་གླིང་གཡས་བཞག་ཅེས་པ། གསུམ་ཐོག་འཁྲུངས་རབས་ལྷ་ཁང་ནང་དབུས་སུ་རྒྱལ་བ་ལྔ་པ་དང་ཆོས་རྒྱལ་རྣམ་པའི་སྐུ་བརྙན། བྱམས་པ་མཐོང་སྒྲོལ་ལྷ་ཁང་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན། དེའི་མདུན་དུ་རྗེ་ཙོང་ཁ་པས་འཇམ་དབྱངས་ཆོས་རྗེར་གནང་བའི་གཏེར་དུང༌། དེའི་ཞོགས་ཀྱི་ཇོ་བོ་ལྷ་ཁང་ནང་དབུས་སུ་ཇོ་བོ་རིན་པོ་ཆེ་དངུལ་སྐུ་སྲིད་ཞིའི་འཇིགས་སྐྱོབ་ཞེས་མི་ཚད་མ་དང་དངུལ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། གནས་བཅུ་ལྷ་ཁང་ནང་བྱང་ཆུབ་ཤིང་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་དང༌། ཙན་དན་དཀར་པོ་ལས་གྲུབ་པའི་གནས་བརྟན་བཅུ་དྲུག ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་གཉིས་དང༌། གསེར་ཟངས་ཀྱི་གཉྫིར་རྒྱལ་མཚན་སོགས་དང་ལྡན། ཐོག་མར་ཚོགས་ཆེན་གཅིག་དང་གྲྭ་ཚང་བདུན་ཡོད་པ་ལས་རྗེས་སུ་བློ་གསལ་གླིང་གྲྭ་ཚང་དང་སྒོ་མང་གྲྭ་ཚང༌། སྔགས་པ་གྲྭ་ཚང༌། བདེ་ཡངས་གྲྭ་ཚང་བཅས་གྲྭ་ཚང་བཞི་རུ་བསྡུས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号