མཚན་གཞན་ལ“ཡར་ཀླུངས་ཤེལ་བྲག”ཅེས་ཀྱང་ཟེར། ཚེ་ཆུ་འབུམ་པ་ནས་རྐང་ཐང་མར་ཆུ་ཚོད་བཞི་ཙམ་ནུབ་ངོས་ཀྱི་ཤེལ་བྲག་གི་རིར་འཛེགས་ན་ཤེལ་བྲག་དགོན་དུ་འབྱོར། དེ་ནས་བར་དོའི་འཕྲང་ལམ་ཞེས་བྲག་སྐས་བརྒྱུད་རིམ་བཞིན་སོང་ན་གུ་རུའི་སྒྲུབ་ཕུག་ཏུ་འབྱོར། དེའང་ཡར་ཀླུངས་ཤེལ་བྲག་དང༌། བྲག་ཡེར་པ། བསམ་ཡས་མཆིམས་ཕུ་བཅས་ནི་བོད་ཀྱི་བྲག་ཆེན་གསུམ་ཞེས་དང༌། ལྷ་ས་དཀྱིས་འཁོར་མཐིལ་དང༌། བསམ་ཡས། ཁྲ་འབྲུག་བཅས་ནི་ཆོས་འཁོར་གསུམ་ཡིན་ཞེས་ཟེར། ཤེལ་བྲག་ཕུག་ཏུ་གུ་རུ་རིན་པོ་ཆེ་ལོ་གསུམ་བཞུགས་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས་པ་བྲག་ལ་སྟིམས། སྒྲབ་ཕུག་ནང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང༌། རྗེ་འབངས་ཉེར་ལྔ་སོགས་ཀྱི་རང་བྱོན་མཇལ་རྒྱུ་ཡོད། སྔོན་སྒྲུབ་ཕུག་དེར་བཀའ་བརྒྱུད་ཀྱི་བླ་མ་ཆོས་རྗེ་དུར་ཁྲོད་རིན་ཆེན་གྱིས་སྐུ་སྟོད་ནམ་མཁའ་ནས་ཕེབས་པ་དང༌། སྐུ་སྨད་བཙན་ཐང་མྱང་སྟོད་སྒང་དུ་ལུག་བཀྱོན་ནས་བཞེངས་གནང་བའི་ཛྷ་ཀྵམ་གྱི་གུ་རུའི་འདྲ་སྐུ་ད་ལྟའང་ཁྲ་འབྲུག་ཏུ་བཞུགས་ཡོད་པ་དེ་དང༌། སྔོན་ཆོས་རྗེ་དུར་ཁྲོད་རིན་ཆེན་གྱིས་ཕྱག་བཏབ་གནང་བའི་ཤེལ་བྲག་དགོན་གྱི་འདུ་ཁང་ནང་ཆོས་རྗེ་དེ་ཉིད་ཀྱི་སྐུ་བརྙན་སོགས་ཡོད། བསམ་ཡས་རབ་བྱུང་གི་སྡེ། གོས་དཀར་ལྕང་ལོའི་སྡེ། ཤེལ་བྲག་སྔགས་པའི་སྡེ་ཞེས་ཐོག་མར་དབོན་དགོན་ཡིན་པ་ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་དུས་གཙང་དགོན་དུ་བསྒྱུར་གནང་མཛད། དགེ་འདུན་ཞལ་གྲངས་ཉི་ཤུ་ཙམ་ཡོད། རྡོ་རྗེ་བྲག་གི་ཁོངས་ཡིན།
ད་ལྟ་ཉམས་གསོ་ཞུས་པའི་བྲག་ཕུག་དང༌། གུ་རུའི་སྐུ་བརྙན་གྱི་སྐུ་ཚབ་གསར་བཞེངས། སྒྲུབ་ཕུག་འོག་ཏུ་གུ་རུ་མཚན་བརྒྱད་གསར་བཞེངས་དང་འདུ་ཁང་ནང་སྟོན་པའི་སྐུ་དང༌། སྤྱན་རས་གཟིགས། གུ་རུ་སྣང་སྲིད་ཟིལ་གནོན་སོགས་ཀྱི་འཇིམ་སྐུ་མང་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།
གངས་ཅན་ལྗོངས་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས།
——ལྷོ་ཁ་ས་ཁུལ་གྱི་གནས་ཡིག(1)
ཆོས་འཕེལ་གྱིས་བརྩམས།
|