སྤྱིར་གཞིས་ཀ་རྩེ་ས་ཁུལ་ལ་ས་ཁོངས་རང་བཞིན་ཀྱི་གནམ་གཤིས་མི་འདྲ་བ་ཁག་གསུམ་ཡོད་པ་སྟེ། རི་བོ་ཧེ་མ་ལ་ཡའི་བྱང་ཕྱོགས་དང་གངས་ཏི་སི་དང་གཉན་ཆེན་ཐང་ལྷའི་ལྷོ་ངོས་ཀྱི་ས་ཁུལ་ནི་མཐོ་སྒང་གི་དྲོད་ལྡན་དུས་རླུང་གི་སྐམ་ཕྱེད་ཀྱི་གནམ་གཤིས་དང༌། གངས་ཏི་སི་དང་གཉན་ཆེན་ཐང་ལྷའི་བྱང་ཕྱོགས་ཀྱི་ས་ཁུལ་ཉུང་ཤས་ཤིག་ནི་གྲང་ཁུལ་ཀྱི་དུས་རླུང་ཀྱི་སྐམ་ཤས་ཆེ་བའི་གནམ་གཤིས། རི་བོ་ཧེ་མ་ལ་ཡའི་གཉའ་ཚིགས་ནས་གཞོགས་ལྷོ་ངོས་ཀྱི་ས་ཁུལ་ནི་ས་མཐོའི་དྲོ་ཁུལ་དུས་རླུང་གི་བཞའ་ཚན་ཅན་གྱི་གནམ་གཤིས་རེད།

སྤྱི་ཁོག་གི་གནམ་གཤིས་ཀྱི་ཁྱད་ཆོས་ནི། 1.མཁའ་རླུང་ཉུང་ཁར་རླུང་གི་གནོན་ཤུགས་ཆུང་ལ་སོས་རླུང་དཀོན་པོ་ཡོད། 2.ཉི་མའི་ཁྱབ་འགྱེད་ཆེ་བ་དང༌། ཉི་མ་ཕོག་ཡུན་རིང་བ་སྟེ་ལོ་རེར་ཆ་སྙོམས་ཆུ་ཚོད་3300ཟིན་ཞིང༌། ས་མཐོའི་སྨུག་ཕྱིའི་འོད་ཟེར་ཆེན་པོ་ཡོད། 3. དྲོད་ཚད་དམའ་བ་དང་ལོ་རེའི་དྲོད་ཚད་ཧེ་བག་ཅུང་ཆུང་ལ་ཉིན་རེའི་དྲོད་ཚད་ཧེ་བག་ཅུང་ཆེ། 4. ཐན་དུས་དངྱཆར་དུས་ཁ་གསལ་བ་སྟེ་ལོ་རེའི་ཟླ་10ནས་ཕྱི་ལོའི་ཟླ་4པ་བར་ཐན་པ་དང་ལྟགས་པ་ཆེ་ཞིང་དྲོད་ཚད་དམའ་ལ་གངས་ཆར་ཉུང་བས་ཐན་དུས་རེད། ཟླ་5ནས་9བར་ཚ་གྲང་སྙོམས་ཤིང་བརླན་བཤེར་ཆེ་ལ།ཆར་ཆུ་འབབ་ཚད་ལོ་ཧྲིལ་པོའི་བརྒྱ་ཆ་70-80ཡན་ཡིན་པས་ཆར་དུས་རེད།སྐབས་དེ་དུས་མཚན་ཆར་མང་བ་དང་འབྲུག་སྒྲ་སྒྲོགས་ལ་སེར་བ་འབབ་པ་མང༌། 5. ས་ཁུལ་ཡོངས་ཀྱི་སད་མི་རྒྱག་པའི་དུས་ནི་ཉིན་120ཡན་ཡིན་པ་དང༌།སྤྱིར་གངས་འབབ་ཤུགས་ཆུང་མོད།གངས་གཙོ་བོ་གྲོ་མོའི་ཕག་རི་དང་གཉང་ལམ། དིང་རི་བཅས་ཀྱི་ལྷོ་རྒྱུད་ས་ཁུལ་དུ་འབབ་ཀྱི་ཡོད། 6. རི་བོ་ཧེ་མ་ལ་ཡའི་ལྷོ་འདབས་ཀྱི་གྲོ་མོ་དང་འགྲམ།སྐྱིད་གྲོང༌། རོང་ཤར་བཅས་ལ་ལོ་ཧྲིལ་པོ་དྲོ་ལ་ཆར་ཆུ་འབེལ་བས་རི་མཐོའི་ཚ་ཁུལ་གྱི་གནམ་གཤིས་ཀྱི་ཁྱད་ཆོས་མངའ།
 |