དཔལ་ཞ་ལུ་དགོན་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་ཀྱི་བར་ཐག་སྤྱི་ལེ་20ཆོད་པའི་ས་ལ་ཆགས་ཤིང༌།སྤྱི་ལོ་1087ལོར་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་པ་རེད།ངག་རྒྱུན་དུ་རྗེ་བཙུན་གྱིས་དགོན་པ་ཕྱག་བཏབ་པའི་གནས་རང་གི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་བཀའ་འདྲི་ཞུ་སྐབས་ཕྱག་མདའ་གསེར་གྱིས་བཀང་ནས་ཕུལ་བས་ལོ་སྟོན་གྱིས་ཕྱག་མདའ་བསེར་བསེར་ལན་གསུམ་མཛད་དེ་རྗེ་བཙུན་ཤེས་རབ་ཆེ་གསུངས་ནས་འཕངས་པས་མདའ་དེ་པད་ཁའི་ཞ་ལུར་ཕོག་པས་ན་དགོན་དེ་ལ་དཔལ་ཞ་ལུ་ཞེས་བཏགས། སྤྱི་ལོ་1329ལོར་ཞ་ལུ་དགོན་ལ་ས་ཡོམ་གྱི་འཇིགས་པ་འཕྲད་ནས་ཞིག་རལ་དུ་སོང་བ་དང༌། ཡོན་རྒྱལ་རབས་ཀྱི་གོང་མས་རྒྱུ་ནོར་གྱ་ནོམ་པ་བསྩལ་ནས་ཞ་ལུའི་ཁྲི་དཔོན་སྐུ་ཞང་གྲགས་པ་རྒྱལ་མཚན་ལ་དགོན་པ་ཉམས་གསོ་མཛད་དགོས་པའི་བཀའ་ཕབ།1333ལོར་བུ་སྟོན་རིན་ཆེན་གྲུབ་མཆོག་ནས་གཙོ་སྐྱོང་མཛད་དེ་ནང་ས་ནས་རྒྱ་རིགས་བཟོ་བོ་མཁས་པ་མང་པོ་བོས་ནས་ཞ་ལུ་དགོན་པ་ཉམས་གསོ་གསར་བཞེངས་མཛད། ཞ་ལུ་དགོན་གྱི་མཆོད་ཁང་གཙོ་བོ་ནི་ཞ་ལུ་གསེར་ཁང་ཡིན་ཞིང༌། དེའི་ཐོག་རྩེར་རྒྱ་ཕིབས་དང་རྫ་ལྷེབ་གཡུ་རྩི་ཅན་བརྒྱན་ལ་དྲིལ་བུ་དུ་མ་དགུང་སྔོན་དབྱིངས་སུ་མཐོན་པོར་བཅིངས་བ་ལས་རྒྱ་ནག་དགོན་གྱི་ཉམས་ཤིག་ཕྱུར་བ་དང༌། རྩིག་པ་དམར་པོ་དང་མཆོད་ཁང་མུ་ལ་མུ་ཁྱུད་དུ་འབྲེལ་བ་ལས་བོད་ཀྱི་དགོན་པའི་ཁྱད་ཆོས་མངོན་པས་བོད་རྒྱའི་བཟོ་སྐྲུན་གྱི་ཁྱད་ཡོན་ལྷན་དུ་བསྡེབས་པ་ཞིག་རེད།ཞ་ལུ་དགོན་དུ་གཅེས་ཚགས་གནང་བའི་རིག་རྫས་ནང་མཆོད་ཆས་དང་ཐང་གཏ་ལའི་ལོ་མའི་དཔེ་ཆ་ཕུད་ད་དུང་འཕགས་པའི་བཀའ་ཡིག་ཁག་བརྒྱད་ཡོད་པ་དེ་ཤིན་ཏུ་ནས་རྩ་ཆེའོ།

ཞ་ལུ་དགོན་ལ་གྲགས་པ་ཆེ་བའི་ནོར་བུ་ཆེ་བཞི་ཡོད་པ་སྟེ། གཅིག་ནི་ཞ་ལུ་དགོན་གྱི་མཁན་པོ་བུ་སྟོན་རིན་ཆེན་གྲུབ་མཆོག་གིས་ཤིང་ཤོ་མིག་108ཀྱིས་བསྒྲིགས་པའི་ཤིང་པར་རེད།ངག་རྒྱུན་དུ་ལོ་ངོ་སྟོང་སོང་ཡང་ཉམས་ཟད་མེད་པར་གྲགས། བུ་སྟོན་རིན་པོ་ཆེས་ཚེ་གང་ལ་ལྗགས་རྩོམ་མི་ཉུང་བ་ཞིག་བརྩམས་གནང་ཡོད། གྲགས་ཆེ་བ་ནི་བསྟན་འགྱུར་རྩོམ་སྒྲིག་གནང་བ་དང་1322ལོར་བུ་སྟོན་ཆོས་འབྱུང་བརྩམས་པ་གཉིས་སོ། གཉིས་ནི་ཟངས་ལ་ལུགས་བརྒྱབ་པའི་བུམ་པ་རེད།ངག་རྒྱུན་དུ་དེའི་ནང་འཛམ་བུ་གླིང་གི་ཁྲུས་ཆབ་སྣ་ཚོགས་དང་བྱིན་རླབས་ཀྱི་རྟེན་རྫས་སྣ་ཚོགས་ཀྱིས་གཏམས་པ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པར་གྲགས། བུམ་ཆུས་ནད་གཞི་སྨན་བཅོས་ཐུབ་པ་དང་སྒྲིབ་པ་སྦྱངས་ཐུབ་པར་འདོད། གསུམ་ནི་མ་ཎིའི་རང་བྱོན་ཏེ་དེ་ནི་དགོན་པ་བཞེངས་དུས་ས་འོག་ནས་རྙེད་པར་གྲགས། དེ་ཡང་རྡོ་ལེབ་ཐོག་མ་ཎི་འབྲུ་དྲུག་རང་བྱུང་དུ་གསལ་བ་དང་མཐའ་སྐོར་དུ་མཆོད་རྟེན་ཆུང་ངུ་བཞི་ཡོད། བཞི་ནི་དགོན་པ་ཕྱག་བཏབ་མཁན་རྗེ་བཙུན་ཤེས་རབ་འབྱུང་གནས་དང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རྣམ་གཉིས་ཞལ་བསིལ་མྱོང་བའི་རྡོ་གཞོང་ཆེན་པོ་རེད།ཆར་པ་འབབ་སྐབས་རྡོ་གཞོང་ཆར་ཆུས་བྱུར་པོར་ཁེངས་རུང་ཆུ་ཕྱིར་ཕྱུང་སྲོལ་མེད་པར་འདོད་དོ། |