༈ དགེ་ལེགས་སྙན་གྲགས་རྒྱ་མཚོའི་མཐར་ཁྱབ་པ། །ཞེས་བསྔགས་པ། རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་ནི། མངའ་རིས་ཟངས་དཀར་གྱི་སའི་ཆ་ཟངས་ལ་ཞེས་པར་ཡབ་གུ་རུ་དཀོན་མཆོག་དང་ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་ལྕགས་མོ་སྦྲུལ་གྱི་ལོ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས།དེ་ནས་ཡབ་ཡུམ་གཉིས་ཀྱིས་བསྐྱེད་བསྲིང་བའི་ཐབས་ལ་འབད་ཅིང་དམིག་ཟ་ཞེས་མཚན་གསོལ། དམ་པ་འདི་ནི་སྐུ་ཚེ་སྔ་མ་མང་པོར་ལམ་ལ་གོམས་པའི་བག་ཆགས་སད་དེ་སྒོ་གསུམ་བག་ཡོད་ལ་སྦྱོར་བའི་དྲན་ཤེས་བཞིན་དང་ལྡན་པས་གཞོན་ནུའི་དུས་ནས་ཀྱང་དམ་པས་སྨད་པའི་ཉེས་སྤྱོད་ལ་མི་འཇུག་ཅིང་བྱིས་པ་རྣམས་ཀྱི་ནང་དུའང་ཆོས་ལྡན་གྱི་རྩེད་མོ་སྣ་ཚོགས་མཛད་པ་ལ་བྱིས་པ་གཞན་ལས་བློ་རྣོ་ཞིང་གཟི་བརྗིད་དང་ལྡན་པ་སོགས་བསྔགས་པའི་འོས་སུ་གྱུར་པ་ཞིག་བྱུང་ངོ༌། །དེ་ནས་དགུང་ལོ་དྲུག་ལོན་པའི་ཚེ་ཡབ་གཤེགས་ཡུམ་བད་ཀན་སྨུག་པོའི་གཅོང་གིས་ཟིན་ནས་ནད་ཚབས་ཆེ་བར་བྱུང་བ་དམ་པ་འདིས་ཕ་མ་ནི་བསྙེན་བཀུར་བའི་ཞིང་དུ་རྒྱལ་བས་གསུངས་པ་ལྟར་རིམ་གྲོ་མཛད་འོས་ཡིན་པ་དང་དྲིན་ཆེ་བར་དགོངས་ནས་ངལ་བ་དང་སྐྱུག་བྲོ་བའི་འདུ་ཤེས་གང་ཡང་མེད་པར་ལོ་བཅུ་བདུན་གྱི་བར་དུ་བཤང་གཅི་འདོར་བ་ཚུན་ཆད་མའི་བསྙུན་གཡོག་ལེགས་པར་མཛད། ཡུམ་གྱི་བསྙུན་གཡོག་ལ་བྲེལ་ནས་ཀློག་ལ་དེ་ཙམ་རྩལ་དུ་འདོན་རྒྱུ་མ་བྱུང་ཡང་ཤིན་ཏུ་བྱང་བར་ཐུགས་སུ་ཆུད། དགུང་ལོ་བཅུ་བདུན་ལོན་པའི་ཚེ་ཡུམ་གཤེགས་པའི་ཕུང་པོ་ཉིད་ཀྱིས་བསྣམས་ནས་བས་མཐའི་དུར་ཁྲོད་དུ་བསྐྱེལ་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཚུལ་དང་མཐུན་པར་མཛད་དེ། ཡུམ་ཅི་འདྲ་བ་དེ་བཞིན་དུ་བདག་ཀྱང་དེ་ལྟ་བུའི་ཆོས་ཅན་དེ་ལྟ་བུའི་རང་བཞིན་ལས་མ་འདས་སོ་སྙམ་དུ་ཉིན་མཚན་ཀུན་ཏུ་འཁོར་བའི་ངང་ཚུལ་སེམས་པ་འབའ་ཞིག་གིས་དུས་འདའ་བར་མཛད་དོ། །ཡུམ་གཤེགས་ནས་རིང་པོར་མ་ལོན་པར་དགོན་སྡེ་ཆེན་པོ་བྱམས་པ་གླིང་དུ་སློབ་དཔོན་རིན་པོ་ཆེ་བློ་བཟང་ལེགས་པའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་རྩ་བཞི་ཆང་དང་བཅས་པ་ལེགས་པར་སྤངས་དགོན་གནས་དེར་ལོ་གཉིས་བཞུགས་སོ། །དམ་པ་འདི་ནི་ཐེག་ཆེན་བསྟན་པའི་སྲོག་ཤིང་དུ་འགྱུར་བར་དགོངས་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པས་ཆུང་ངུའི་དུས་ནས་རྗེས་སུ་བསྐྱངས་ཤིང༌། མནལ་ལམ་དུ་ཁྱོད་བུད་མེད་དང་མ་འགྲོགས་པར་དབུས་སུ་སོངས་ཤིག་གསུང་བ་དྲན་ནས།དབུས་གཙང་དུ་སློབ་གཉེར་ལ་འབྱོན་འདོད་ཤུགས་དྲག་སྐྱེས་ཏེ། ཕ་ཡུལ་དང་གཉེན་བཤེས་རྣམས་ལ་ཆགས་ཞེན་མེད་པར་དགའ་བཞིན་སྤྲོ་བཞིན་དུ་ལམ་དུ་ཞུགས་ནས་རིམ་གྱིས་ཕེབས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ནས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་བྱིན་རླབས་ཐོབ་པས་དགའ་སྤྲོ་ཚད་མེད་པ་བྱུང་ཞིང་དད་པའི་སྤུ་ལོང་གཡོས། དེ་ནས་ཤངས་རྒོད་ཚང་དུ་ཕེབས་དྲུང་པ་རྒྱལ་ཚབ་པ་བརྩོན་འགྲུས་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་འབྱོར་བས་སྔོན་གྱི་འབྲེལ་པ་བཟང་པོའི་མཐུས་དད་གུས་ཚད་མེད་པ་འཁྲུངས། དྲུང་པ་རིན་པོ་ཆེ་པས་དམ་པ་འདི་གང་ཟག་ཁྱད་པར་ཅན་དུ་མཁྱེན་ནས་ཐུགས་ཤིན་ཏུ་དགྱེས་པའི་ཞལ་ཏ་མང་དུ་གནང་ཞིང་རེ་ཞིག་ངལ་སོས་སྡོད་གསུངས། རབ་བྱུང་གི་མཁན་པོར་གསོལ་བ་བཏབ་པས་དགྱེས་པ་ཆེན་པོས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་སྟེ་རབ་ཏུ་བྱུང་བའི་མཚན་དགེ་ལེགས་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་སྟེ་ཁྱིམ་པའི་རྟགས་དང་ཆ་ལུགས་སྤངས་ཏེ་མིང་བསྒྱུར་བའི་དགོས་པ་བཞིན་འཇིག་རྟེན་པའི་ལུགས་ཀྱི་དགྲ་གཉེན་གྱི་ཕྱོགས་རིས་དང་འདོད་ཡོན་ལ་ཞེན་པའི་སྤྱོད་པ་ལས་ཕྱིར་ཕྱོགས་ཏེ། དགེ་སྤྱོང་གི་ཆོས་བཞི་ལས་ནམ་ཡང་མི་འདའ་བར་མཛད་དོ། །དེ་ནས་མཁན་པོས་དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་བསྲུང་མཚམས་ངོ་འཕྲོད་པའི་བཀའ་ཆོས་དང༌། གཞན་ཡང༌། རྒྱན་འཇུག་གཉིས་ཀྱིས་གཙོས་པའི་ཆོས་སྤྱོད་རྣམས་ལ་འཛིན་སྐྱོར་དགོས་ཚུལ་དང༌། གྲྭ་ས་གཞན་དུ་མ་འདུག་པར་དྭགས་པོ་གྲྭ་ཚང་རང་དུ་སོངས་ལ་སློབ་གཉེར་ལ་ན་སོ་གཞོན་པའི་སྐབས་སུ་སྙིང་རུས་བསྐྱེད་ནས་འབད་དགོས།ལོ་བཅུའི་བར་དུ་མི་ཚེ་སྟོང་ཟད་ལ་མ་གཏོང་བར་སློབ་གཉེར་ལ་འབད་ནས་ངའི་རྩར་ཤོག་དང་དེ་ནས་ལམ་རིམ་གྱི་ཁྲིད་གཏོང༌། ཚེ་མཇུག་སྒྲུབ་པ་ལ་དྲིལ་དགོས། སྒྲུབ་པ་ལ་ཤེས་དགོས། ཤེས་པ་ལ་སློབ་དགོས་པས་ཐོག་མར་སློབ་གཉེར་བྱས་ལོ་ཙམ་མ་ཡིན་པར་རང་སེམས་ཁོ་ཐག་ཆོད་པ་ཞིག་གྱིས་ལ་ཤོག་གསུངས། དེ་ནས་དམ་པ་འདིས་དྲུང་པ་རྒྱལ་ཚབ་པའི་བཀའ་བཞིན་དུ་དབུས་སུ་བྱོན་དྭགས་པོ་གྲྭ་ཚང་དུ་ཕེབས་ནས་རྗེ་བཙུན་བློ་གྲོས་བརྟན་པ་ནས་བཟུང་སྟེ་སློབ་དཔོན་རིན་པོ་ཆེ་ལྷ་སྡིངས་པ་བློ་བཟང་དོན་གྲུབ་པའི་བར་མཁས་ཤིང་གྲུབ་པ་བརྙེས་པའི་དམ་པ་བར་མ་ཆད་པར་བྱོན་ཞིང༌། མཁས་མང་བརྒྱ་ཕྲག་འདུ་བའི་བསྟི་གནས་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་དུ་རང་རྒྱུད་གཏན་ལ་འབེབས་པའི་ཆེད་དུ་ཐོས་པ་རྒྱ་ཆེར་འཚོལ་བ་ལ་ཞུགས་སོ། །དེ་ནས་དྲུང་པ་རྒྱལ་ཚབ་པའི་བསླབ་བྱ་རྣམས་ཐུགས་ལ་བཞག་ནས་ཐོག་མར་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ཆེ་ཆུང༌།དེ་ནས་ཚད་མ་རྣམ་འགྲེལ་ཕར་ཕྱིན་འདུལ་བ་མངོན་པ་མཛོད་རྣམས་ལ་ལོ་བཅུ་དྲུག་གི་བར་དུ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད། 1/8 1 2 3 4 5 6 下一页 尾页 |