ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་དགེ་ལེགས་སྙན་གྲགས་རྒྱ་མཚོའི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
  ཐོས་བསམ་མཛད་པའི་སྐབས་དེ་དག་གི་ཚེ་ཡང་ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་མཛད་ནས་མཚན་མོ་མནལ་ཡེ་མ་གཟིམ་པར་ཉིན་མཚན་ཁོར་ཡུག་ཏུ་སྦྱོང་བར་མཛད།དེ་ལྟར་སློབ་གཉེར་མཛད་པའི་གནས་སྐབས་ཐམས་ཅད་དུ་ཟས་གོས་འདུ་འཛི་གཉིད་ཀྱི་བདེ་བ་ལ་ཞེན་པ་མེད་ཚུལ་དང༌།འཛིན་གྲྭ་གོང་འོག་སོགས་གང་ལའང་ཆགས་སྡང་འགྲན་སེམས་མེད་པར་བསམ་པ་བཟང་བ།དད་པ་དང་བརྩོན་འགྲུས་ཆེ་བ། བཞུགས་ལུགས་སོགས་ལ་མཁས་པ་རྣམས་ཤིན་ཏུ་ཡ་མཚན་པར་བྱེད་ཅིང༌།ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་རྨོངས་པ་མེད་པའི་ཤེས་རབ་རྣོ་ལ་གཏིང་ཟབ་པས་དོན་ལ་རྟོན་གྱི་ཚིག་ལ་མི་རྟོན་པ།   གཞུང་ལུགས་རྣམས་ལས་ཇི་ལྟར་བཤད་པ་ཐམས་ཅད་རང་རྒྱུད་འདུལ་བའི་ཐབས་འབའ་ཞིག་ཏུ་གོ་ཞིང་གཞན་ལའང་དེ་ལྟར་སྟོན་པ། ཉམས་མཚར་གཤགས་འདེབས་རྩེད་མོ་ཇི་ལྟ་བུ་མཛད་ཀྱང་གཞན་དང་མི་འདྲ་བར་ཚིག་འགྲིག་པ། ཉམས་དོད་པ།ཞིབ་ཏུ་དཔྱད་ན་སེམས་འདུལ་བའི་ཐབས་འབའ་ཞིག་ཏུ་འོང་བ་ཞིག་ཡོད་ཅེས་གྲག་གོ།     །ཐུགས་གཉེར་མཛད་པའི་སྐབས་སུའང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པར་མཛད་པས་རྒྱ་ཆེན་སྤྱོད་རྒྱུད་དང་།   ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་གཟིགས་པ་སོགས་དག་པའི་མཚན་མའང་མང་དུ་བྱུང་ངོ༌། །དེ་ལྟར་ལོ་བཅུ་དྲུག་གི་བར་དབུ་ཚད་ཕར་ཕྱིན་འདུལ་བ་མངོན་པ་རྣམས་ལ་ཚིག་སྤྱི་ཙམ་དུ་མ་ལུས་པའི་ཐུགས་གཉེར་མཐར་ཕྱིན་པར་མཛད་དེ། དོན་གཉེར་ཅན་གྱི་དགེ་ཕྲུག་འགའ་རེ་ལ་རྩི་ཤག་གནང་ཞིང༌། རིགས་ལམ་ལ་ཤིན་ཏུ་བྱང་བའི་མཁས་པ་དུ་མའི་ཐེ་ཚོམ་གཅོད་པ་བོར་གྱུར་ཅིང་སྡེ་སྣོད་འཛིན་པ་རྣམས་ཀྱི་གཙུག་གི་རྒྱན་དུ་བཞུགས་སོ།   །དེ་ནས་ཐུགས་ལ་འདི་ལྟར་དགོངས་ཏེ་ཐོས་དོན་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་མ་བྱུང་ཕྱིན། ཐོས་པ་ཙམ་གྱིས་རང་རྒྱུད་འདུལ་མི་ནུས་ལ།    རང་མ་དུལ་བས་གཞན་འདུལ་མི་ནུས་པས་དབེན་པའི་གནས་སུ་ཐོས་དོན་སྒྲུབ་པ་སྙིང་པོར་བྱེད་དགོས་པར་འདུག   སྔར་བླ་མའི་བསླབ་སྟོན་ལས་ཀྱང་འགྱངས་སོང་བས་ད་ནི་མྱུར་དུ་མ་སོང་ན་དེང་བྱ་སང་བྱའི་ངང་ལ་ཚེ་ཟད་ནས་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པ་ལས་ཉམས་པར་འགྱུར་བར་འདུག་སྙམ་ནས་ཉིན་མཚན་ཀུན་ཏུ་དབེན་པའི་ཡོན་ཏན་གྱིས་ཡིད་ཕྲོགས་ནས་ཡོད་པའི་ཚེ།    གྲྭ་ཚང་དེ་ཁའི་དགེ་བསྐོས་བྱེད་དགོས་ཀྱི་གྲལ་མཚམས་སུ་ཡང་སླེབ་ཡོད་པས་བླ་མས་དགེ་བསྐོས་དང་གྲྭ་སྐོར་དགོས་པའི་བསླབ་སྟོན་ཕེབས་པར་བླ་མ་ལ་དགོངས་པ་ཇི་ལྟར་ཞུས་ཀྱང་མ་གནང་བའི་རྐྱེན་གྱིས་དགེ་བསྐོས་ལ་བྱོལ་ཐབས་ཀྱིས་བྲོས་ནས་འབྲས་སྤུངས་སུ་ཕེབས།གཟིམ་ཤག་མཁན་པོ་བློ་བཟང་མཁས་བཙུན་གྱི་དྲུང་ནས་ལམ་རིམ་ཆེན་མོའི་ལྗགས་ལུང་ཚར་གཅིག་གསན།དེ་ནས་བླ་མས་ལྕགས་རིའི་ཕྱི་རོལ་ཏུ་སྐྱེལ་ཐུང་མཛད་ནས་བསླབ་བྱ་ཡང་དག་གནང་སྟེ་གཙང་དུ་བྱོན།ཤངས་རྒོད་ཚང་དུ་དྲུང་པ་རིན་པོ་ཆེའི་ཞབས་དྲུང་དུ་ཕེབས་པས།   དྲུང་པ་རིན་པོ་ཆེའི་ཞལ་ནས་ཁྱོད་མཚན་ཉིད་ལ་རྒྱུན་རིང་དྲགས་བྱུང༌། ལོ་བཅུ་སོང་ནས་འོངས་ན་འགྲིག་རྒྱུ་ཡིན།   ད་ལེ་ལོ་མ་བྱེད་པར་རི་ཁྲོད་རང་བྱས་པ་དགའ་གསུང་ཞིང་གང་ཤེས་རྒྱུད་ལ་སྦྱོར་དགོས་པའི་བཀའ་ཆོས་བསླབ་བྱ་དང་འབྲེལ་པ་མང་དུ་གནང༌།   དེ་ནས་དྲུང་པ་རིན་པོ་ཆེ་ལ་བསྙེན་རྫོགས་ཀྱི་མཁན་པོར་གསོལ་བ་བཏབ་པས།དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཤིང༌།    མཁན་སློབ་གྲངས་ཚང་བའི་དགེ་སློང་གི་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ།   ཐུབ་པའི་རྒྱལ་ཚབ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ། །དེ་ནས་སྐུ་ཁམས་མི་སྙོམས་པ་ཅུང་ཞིག་བྱུང་བ་ན་དྲུང་པ་རྒྱལ་ཚབ་པའི་ཞལ་ནས་དྭགས་པོ་གྲྭ་ཚང་གི་དགོངས་པ་མ་ཁྲོལ་བས་ལྷ་མོའི་འཚུབ་ཀྱི་རྣམ་པར་འདུག གྲྭ་ཚང་གི་དགོངས་པ་ལེགས་པར་ཞུས་ལ་ཤོག་གསུང༌།དེ་ནས་དྭགས་པོ་གྲྭ་ཚང་དུ་ཕེབས་ཏེ་དགོངས་པ་ཞུས།   དེ་ཁའི་བླ་མ་དགེ་འདུན་ཚང་མས་དང་བ་ཆེར་མཛད་དེ་གྲྭ་ཚང་གི་ཁྲི་ལ་འཇོག་འདོད་མཛད་ཀྱང༌། དམ་པ་འདི་ངེས་འབྱུང་སྐྱོ་ཤས་ཆེ་བས་གྲྭ་ཚང་གི་བླ་མ་མ་མཛད་ཅིང༌།   བློ་གསལ་དོན་གཉེར་ཅན་འགའ་ཞིག་ལ་དྲང་ངེས་རྣམ་འབྱེད་ཀྱི་བཤད་པ་ཞིག་གནང༌། དེ་ནས་རྒྱུད་སྟོད་དུ་ཆོས་ཐོག་གཅིག་ཙམ་ཕེབས་ནས་དགེ་རྒན་རེ་སྒོ་ཨ་ཙ་ར་རི་གོང་བྱ་བའི་རི་ཁྲོད་དུ་བཞུགས་པས་དེར་ཕེབས། ཐབ་ཆོས་མང་དུ་གསན་ཅིང༌། བྱང་ཆུབ་སེམས་ཀྱི་གདམས་ངག་ཐུགས་ཚིམ་པར་ཞུས་ཏེ།སླར་ཡང་གཙང་དུ་ཕེབས་པས་དྲུང་པ་རིན་པོ་ཆེ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དྭབྱིངས་སུ་བསྡུས་ནས་དད་ལྡན་གྱི་སློབ་མ་རྣམས་ཉིད་ཀྱི་ཐུགས་སྲས་དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱིས་བླ་མ་རྒྱལ་ཚབ་པ་ཉིད་ལས་མི་ཞན་པར་སྐྱོང་སྐབས་སུ་སྣང་བས་དྲུང་དུ་རིན་པོ་ཆེ་དང་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་དུ་མཇལ་ནས་བསྙེན་བཀུར་དང་འབུལ་པ་གང་འབྱོར་ཕུལ་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་ཀྱི་སྙན་འབུལ་ཞུས་པས། དེར་བདེ་ལམ་གྱི་ཁྲིད་དབུ་འཛུགས་ཙམ་མཛད། འཕྲོས་རྣམས་རྒོད་ཚང་དུ་སླེབས་ནས་ཡང་གསུང༌།   དེར་ཕེབས་ནས་ཞུས་པས་མཚན་ཉིད་པ་ལ་ལམ་རིམ་གྱི་ཁག་མི་འོང་གསུངས་ནས་མ་གནང་བས་ཆོས་ལ་གདུང་དྲགས་ནས་ཡང་ཡང་ཞུས་པས་སྒོ་དུ་མ་ནས་བཀའ་བཀྱོན་མཛད་པ་ལས་བཀའ་ཆོས་ཀྱི་ཞལ་བཞེས་མི་མཛད་པར་ཐུགས་མི་མཉེས་པ་ལྟ་བུ་ལན་མང་དུ་མཛད་པས་ཐུགས་ལ་ང་ལས་སྒྲིབ་ཆེ་བས་སྣོད་དུ་མ་གྱུར་པ་ཡིན་འོང༌། སྔོན་ལ་བཤགས་སྦྱངས་ལས་སྒྲིབ་དག་པའི་མཚན་མ་ཐོབ་པ་ཞིག་བྱེད།   དེ་ནས་ཡང་ཞབས་བསྐུལ་ཞུ་དགོངས་ཏེ་བཀྲ་ཤིས་ལྷུན་པོར་ཕེབས་སྐོར་བ་གསོག་པའི་ཚེ། ཉིན་གཅིག་སྐོར་ལམ་དུ་རོ་ཁྱེར་བ་གཟིགས་པས།ང་འདི་དང་མཉམ་དུ་མ་ཤི་བ་འདི་བདེན་ནམ་རྫུན་ཡ་མཚན། དེ་རིང་རང་ཡང་འཆི་ཉེན་འདུག 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号