ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་རྗེ་འདིས་མཁན་སློབ་སྦྲགས་མ་མཛད་ཡོངས་འཛིན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱིས་དུས་གོ་བ་མཛད། དེ་མོ་སྤྲུལ་པའི་སྐུ་རིན་པོ་ཆེ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་གངས་ཅན་འགྲོ་བའི་མགོན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ཞེས་ཐུབ་དབང་སླར་ཡང་ཕྱོགས་འདིར་བྱོན་པ་ཇི་ལྟ་བ་བཞིན་ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར་ཏོ།  །དེ་ཉིན་དཀར་ཕྱོགས་ཀྱི་ལྷ་རྣམས་ཆེས་ཆེར་དགའ་སྟེ།   ད་ནི་ཐུབ་པའི་བསྟན་པ་འཕེལ་ཞིང་སྙིགས་མའི་འགྲོ་བ་རྣམས་མགོན་དང་བཅས་པར་གྱུར་ཏོ་ཞེས་དགའ་བའི་ཅ་ཅོའི་སྒྲ་འོག་མིན་གྱི་བར་དུའང་བསྒྲགས་ཤིང༌། སྐྱེ་བོ་ཐ་མལ་པ་རྣམས་ཀྱི་མཐོང་སྣང་དུའང་ནམ་མཁའི་ཁྱོན་ཐམས་ཅད་འཇའ་སྤྲིན་གྱིས་ཁྱབ་པར་གྱུར་པ་ཞིག་བྱུང་བས་མཆོག་དམན་བར་མའི་འགྲོ་བ་ཐམས་ཅད་རྒྱལ་བ་ཡབ་སྲས་གཉིས་ཀ་ལ་མི་བྱེད་པའི་དད་པ་ཐོབ་པར་གྱུར་ཏོ།    །དེ་ནས་རྒྱལ་བ་ཡབ་སྲས་གཉིས་ཀ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་ཏེ།    རྗེ་འདིས་རྒྱལ་བ་མཆོག་ལ་འཁྲུངས་རབས་སོ་བཞི་པ་སོགས་ལུང་མང་པོ་དང༌། ལམ་རིམ་བདེ་ལམ་མྱུར་ལམ་སོགས་འཇམ་མགོན་རྒྱལ་བ་གཉིས་པའི་སྙན་རྒྱུད་ཀྱི་མན་ངག་རྒྱ་ཆེར་འབུལ་བར་མཛད།   རྗེ་འདི་ནི་བསྟན་པའི་དོན་ལ་དཀའ་བ་ཅི་བྱུང་ཡང་སྐྱོ་ངལ་མི་མཛད་པར་དེའི་ཚེ་ཕྱོགས་མཐའ་དག་ནས་འདུས་པའི་ཆོས་དོན་གཉེར་བ་རྣམས་ལ་རང་རང་གི་འདོད་པ་ལྟར་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཞིང༌། ལྷག་པར་བསྙེན་རྫོགས་བསྒྲུབ་བྱ་སྟོང་ཕྲག་བརྒལ་བ་བྱུང་ཡང་བསྟན་པའི་རྩ་བ་སོ་སོ་ཐར་པ་ཡིན་པས་དཀའ་བ་ཅི་བྱུང་ཡང་པཟོད་གསུངས་ནས་ཉིན་མང་པོར་སྦྲེལ་ནས་གནང་ཞིང་རེས་འགའ་གུང་ཡོལ་ནས་ཚུགས་པ་སྲོད་ཐུན་ཡོལ་གྱི་བར་དུ་གནང་དགོས་པ་བྱུང་ཡང་སྐྱོ་ངལ་མི་མཛད་པར་ཐུགས་སྤྲོ་ཞིང་གནང་བ་ནི་རྒྱལ་བའི་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཞིག་གོ།  །དེ་ནས་རྒྱལ་བ་མཆོག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་མའི་དབང་དང༌།   གདུགས་དཀར་ལྷ་སོ་བདུན་མའི་དབང་དང༌།  ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང༌།   མགོན་པོ་རྒྱན་ཅན་གྱི་རྗེས་གནང་དང༌། སྒྲུབ་ཐབས་བརྒྱ་རྩའི་ནང་ནས་འོད་ཟེར་ཅན་མ་དང་འཇམ་དབྱངས་སྨྲ་སེང་སོགས་རྗེས་གནང་འགའ་ཞིག་འབུལ་བར་མཛད་ཅིང༌། གཞན་མ་དོན་གཉེར་ཅན་མང་པོར་དབང་ལུང་མན་ངག་མཐའ་ཡས་པ་སྩལ།   དེ་ནས་གཙང་དུ་ཆིབས་བསྐྱོད་མཛད་རྒྱུར་ཕོ་བྲང་ནས་ཕེབས་ཏེ་འབྲས་སྤུངས་འདུ་ཁང་ཆེན་མོར་འབྲས་སྤུངས་ཚོགས་ཆེན་གྱི་ཐོག་ཕྱོགས་འདུས་མང་པོ་བཅས་དགེ་འདུན་སྟོང་ཕྲག་མང་པོར་ལམ་གཙོའི་ཁྲིད་སྩལ་དེ་ནས་རིམ་གྱིས་ལམ་བར་གྱི་དད་ལྡན་སེར་སྐྱ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་འབེབས་པར་མཛད་ཅིང༌།ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ནས་འཁོར་ལོ་གསུམ་གྱི་བྱ་བས་རོལ་པར་མཛད།  དེ་ནས་མི་ཟད་ཅེས་པ་མེ་ཕོ་ཁྱིའི་ལོ་སྔགས་ཆེན་ཞལ་སྔ་ནས་སོགས་སྔགས་གྲྭའི་དགེ་འདུན་ཚང་མས་གསོལ་བ་བཏབ་ནས་ཕོ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཉི་འོད་འཁྱིལ་པར་ཡོངས་འཛིན་རིན་པོ་ཆེ།   ཕྱག་མཛོད་ཆེན་མོ།   གྲྭ་ཚང་བླ་མ་བཞི།   སྔགས་པ་ཚོགས་ཡོངས་གཞན་ཡང་སྐལ་ལྡན་ཁ་ཤས་བཅས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སློབ་མ་རྗེས་བཟུང་ནས་གོང་ཆེན་བདག་པོ་ཆེན་པོའི་དབང་གི་བར་རྒྱས་པར་སྩལ་ཏེ་རིགས་ལྡན་འཇམ་དཔལ་གྲགས་པ་སླར་ཡང་གངས་རིའི་ཁྲོད་དུ་ཕེབས་ནས་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་རྒྱུད་ཆེན་གསལ་བར་མཛད་དོ་ཞེས་ས་སྟེང་མ་ལུས་གྲགས་པས་ཁྱབ་པར་གྱུར་ཏོ།   །དེ་ནས་ཟླ་བ་ལྔ་པའི་ནང་དུ་བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་སྐུ་མདུན་དུ་བཅར་ཏེ་མཎལ་ཕུལ་ནས་རྗེ་ཉིད་ཞབས་པད་ཡུན་རིང་བརྟན་པའི་གསོལ་བ་བཏབ་ཅིང༌།འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་མཐར་ཐུགས་པ་མདོ་སྔགས་ཀྱི་མན་ངག་མཐའ་དག་རྒྱ་ཆེར་སྤེལ་བར་མཛད་པ་དང༌། ལྷག་པར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་གཟབས་བཤད་རྒྱས་པ་ཞིག་སྩོལ་བར་གསོལ་བ་བཏབ་པས་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ངོ་མཚར་བཀོད་པར་གྲྭ་ཚང་བླ་མ་བཞི་དང༌། སྔགས་གྲྭའི་དགེ་བཤེས་དྲག་གྲས་འགའ་ཞིག   བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་བཅས་ལ་སྔགས་རིམ་ཆེན་མོའི་བཤད་ལུང་ཆོས་ཐུན་ཉི་ཤུ་སྐོར་ཞིག་རྒྱས་པར་སྩལ།ཆོས་ཚུགས་པའི་འགོར་བླ་མ་ཡི་དམ་སྲུང་མར་བཅས་པ་ལ་ཚོགས་མཆོད་དང༌།   གྲུབ་ནས་ཀྱང་གཏང་རག་གི་ཚོགས་མཆོད་དང་མཎྜལ་རྒྱས་པར་ཕུལ།   རྗེ་འདིས་འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་མཐར་ཐུག་པ་རྣམས་མང་ཙམ་ཡང་ཉམས་པ་ལ་ཕྱོགས་པ་གསོ་བར་མཛད་པས་བསྟན་པ་ལ་བྱ་བ་བླ་ན་མེད་པ་མཛད་དོ།  །དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་གསན་ནས་ལེགས་སོའི་གནང་སྐྱེས་འཇའ་ས་གསེར་ཐམ་སོགས་ཕེབས་ཏེ།    རྗེ་འདིའི་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་ས་གསུམ་མ་ལུས་ཁྱབ་པར་གྱུར་ཏོ།    །དེ་ནས་རིམ་གྱིས་ལོ་ལོ་བཞིན་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་ལ་དབྱར་གནས་ཀྱི་ཐོག་ཤིང་རྟ་ཆེན་པོའི་གཞུང་རྣམས་ཀྱི་བཤད་ལུང་དང༌།   ལྷག་པར་སྐྱེས་རབས་སོ་བཞི་པའི་གཟབས་བཤད་ཆེས་རྒྱས་པ་དང༌།   ལམ་རིམ་ཆེན་མོའི་བཤད་ལུང༌།   ལམ་རིམ་བདེ་ལམ་གྱི་ཁྲིད།    བློ་སྦྱོང་དོན་བདུན་མའི་ཁྲིད།   དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བླ་མ་མཆོད་པའི་ཁྲིད།   རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་དང་ལྷག་པའི་ལྷ་མང་པོའི་རྗེས་གནང་རིམ་པར་སྩལ།   དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེན་མོ་གསན་ཕྱིར་དབུས་སུ་སྤྱན་དྲངས་ཏེ་ཕོ་བྲང་ཆེན་པོར་ཕེབས་ནས་རྒྱལ་བ་མཆོག་སྐུ་འཁོར་རགས་རིམ་དང་བཅས་པ་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཡོངས་རྫོགས།   དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་སྟ་གོན་དང་བཅས་པ།    དཔལ་འཁོར་ལོ་སྡོམ་པ་ལྰུ་ཨི་པའི་ལུགས་ཀྱི་དབང་སྟ་གོན་དང་བཅས་པ།   སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཡོངས་རྫོགས།   རྣམ་འགྲེལ།   འདུལ་བ། ཕར་ཕྱིན།   དབུ་མ།   མཛོད་རྣམས་ཀྱི་ལུང་དང༌།   རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་ཁྲིད། དམ་ཅན་ཆོས་ཀྱི་རྒྱལ་པོའི་རྗེས་གནང༌།ལྷ་མོ་དམག་ཟོར་མའི་རྗེས་གནང༌།དཔལ་མགོན་ཞལ་བཞི་པའི་རྗེས་གནང༌།   ལྕམ་སྲིང་གི་རྗེས་གནང༌།    དཔལ་ལྷའི་རྗེས་གནང༌། མགོན་པོ་ཕྱག་བཞི་པའི་རྗེས་གནང་རྣམས་རིམ་གྱིས་འབུལ་བར་མཛད། དེ་ནས་གཙང་ལ་ཆིབས་བསྒྱུར་གནང་སྟེ་བཀྲ་ཤིས་ལྷུན་པོར་ཕེབས་ནས་འཇམ་མགོན་བསྟན་པའི་སྲོག་ཤིང་གཡོ་བ་མེད་པར་བཟུང་ནས་རབ་བྱུང་བསྙེན་རྫོགས་བརྒྱུད་མར་བསྒྲུབ་པ་དང༌། མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བརྒྱུད་མར་བསྐོར་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ། །འདི་སྐབས་རྗེ་བླ་མ་འདིས་སྔོན་སྟོན་པ་ཐུགས་རྗེ་ཅན་དེས་གང་དུ་སངས་རྒྱས་པའི་ཚུལ་བསྟན་པའི་གནས་རྡོ་རྗེ་གདན་སོགས་འཕགས་ཡུལ་གྱི་གནས་ཆེན་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད་ཕྱིར་བཀྲ་ཤིས་ལྷུན་པོའི་གྲྭ་པ་ཆོས་མཐུན་བཞི་ཙམ་ཞིག་གཏོང་བར་མཛད་པ་རྒྱ་གར་ཀ་ཤིའི་རྒྱལ་པོས་དད་པ་ཆེན་པོས་ཞབས་འགྱུར་བྱས་ཏེ་ལམ་བར་གྱི་འཇིགས་པ་ལས་བསྐྱབས་ཤིང་རྒྱུས་ཡོད་ཀྱི་རོགས་བཏང་སྟེ་རྡོ་རྗེ་གདན་དུ་འབྱོར་ནས་བྱང་ཆུབ་ཆེན་པོ་ལ་གསེར་ཆབ་དང༌། སྣ་ལྔའི་སྟོང་མཆོད་སོགས་མཆོད་འབུལ་རྒྱ་ཆེན་པོ་བྱས་པ་ན་རྒྱ་གར་གྱི་ཡུལ་གྲུ་ཐམས་ཅད་དུ་ཆེས་གྲགས་ཏེ་བོད་ཀྱི་བླ་མ་ཆེན་པོས་བྱང་ཆུབ་ཆེན་པོ་ལ་མཆོད་པ་ཚད་མེད་པ་ཕུལ།   དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པ་འདུག་ཅེས་ཐོས་ནས་རྗེ་འདིའི་ཐུགས་བསྐྱེད་ཀྱི་མཐུས་འཕགས་ཡུལ་གྱི་རྒྱལ་བློན་འབངས་དང་བཅས་པ་དད་པའི་ས་ལ་བཀོད།   རྒྱ་གར་ཤར་ནུབ་དབུས་དང་བཅས་པའི་རྒྱལ་པོ་སོ་སོ་ནས་རྗེ་འདི་ལ་ཞུ་འཕྲིན་འབུལ་ཞིང་རང་རང་གི་ཡུལ་གྱི་དཔྱད་པ་ངོ་མཚར་བ་སྣ་ཚོགས་འབུལ་བ་དང༌།   རྗེ་འདི་ལ་གསོལ་བ་འདེབས་པ་དང༌།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号