ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
  བཀའ་བཞིན་དུ་སྒྲུབ་པར་དམ་འཆའ་བ་སོགས་སྔོན་མེད་པའི་ངོ་མཚར་ཡ་མཚན་ཆེ་བ་བྱུང་ངོ༌།    །དེ་ནས་རྗེ་ཉིད་དགུང་ལོ་སོ་བརྒྱད་དུ་ཕེབས་པ་མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོ་བོད་ཀྱི་སྲིད་སྐྱོང་དེ་མོ་རིན་པོ་ཆེས་བསམ་ཡས་ལ་ཞིག་གསོ་རླབས་ཆེན་མཛད་པར་ཞལ་འདེབས་དང་མཆོད་འབུལ་རླབས་ཆེ་བ་མཛད།    བྲག་གཡབ་སྤྲུལ་སྐུ་སོགས་སྐལ་ལྡན་མང་པོ་ལ་ལམ་རིམ་གྱི་ཁྲིད་དང༌།  འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང༌།   གདུགས་དཀར་གྱི་དབང་དང༌།   ཚེ་དཔག་མེད་ལྷ་དགུའི་དབང་དང༌། བཅུ་གཅིག་ཞལ་གྱི་དབང་དང༌།དྲིལ་བུ་ལུས་དཀྱིལ་གྱི་དབང༌། །འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་སྩལ། ལོ་དེའི་དབྱར་གནས་ཀྱི་ཐོག་ཚོགས་ཆེན་ལ་ལམ་རིམ་གྱི་ཁྲིད་ཞི་བ་ལྷའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་དང་བཅས་པ་རྒྱས་པར་སྩལ། ཟླ་བ་བདུན་པའི་ནང་དུ་བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་འབྱོར་ཏེ་ཚེས་བདུན་གྱི་ཉིན་རྗེ་བླ་མ་འདི་ཉིད་ཚོགས་དབུར་སྤྱན་དྲངས་ཏེ་དངོས་འབྱོར་གྱི་འབུལ་བ་དང་བཅས་ཞབས་བརྟན་་གསོལ་འདེབས་ཞུས།   དེ་སྐབས་ཐན་པ་ཤིན་ཏུ་ཆེ་བ་ཡོད་པ་ལ།   དེ་ཉིན་རྗེ་འདི་ཚོགས་ཆེན་གྱི་བཞུགས་ཁྲིའི་སྟེང་དུ་ཕེབས་མ་ཐག་མཁའ་ལ་བློ་བུར་དུ་སྤྲིན་འཁྲིགས་ཏེ་འབྲུག་སྒྲ་དྲག་པོ་བརྒྱུད་མར་བསྒྲགས་ཤིང་ཆར་དྲག་པོ་བབས་ཏེ་འཛིན་མའི་ཁྱོན་ཐམས་ཅད་ཆུས་བརླན་པར་བྱས་བས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་ཏེ་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་ཞེས་བཀའ་ཕེབས། དེ་ཉིན་ལྷ་ཁང་རྣམས་སུ་ཕེབས་ཏེ་ཁྲུས་གསོལ་རྒྱས་པ་མཛད།    དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་རྩམ་ཁལ་བརྒྱ་ཕྲག་བརྒལ་བ་ལས་གྲུབ་པའི་གཏོར་མ་བཤམས་ཏེ་འདུས་པ་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ་དཔལ་ལྡན་ལྷ་མོ་ལ་གཏོར་འབུལ་དང་འཕྲིན་འཆོལ་རྒྱས་པ་མཛད།གཞན་ཡང་ལོ་དེ་ལ་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཚང་མ་གསེར་བཙོ་མའི་ཁུ་བས་འདྲི་བར་མཛད་པ་སོགས་བློ་དམན་དག་གིས་རྗེས་སུ་ཡི་རང་ཙམ་ཡང་བྱ་དཀའ་བའི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ།    །དེ་ནས་རྗེ་བླ་མ་འདི་ཉིད་དགུང་ལོ་སོ་དགུར་ཕེབས་པ་གདོང་ངན་ཞེས་པ་མེ་ཕོ་སྤྲེའུའི་ལོ་ཁལ་ཁ་རྗེ་བཙུན་དམ་པའི་དགོངས་རྫོགས་པ་ནོ་མོ་ཧན་འཇམ་དཔལ་རྡོ་རྗེ་སོགས་སོག་འགྲུལ་གཏོས་ཆེ་བ་འབྱོར་ཏེ་བླ་མ་དགེ་འདུན་ཚང་མར་བསྙེན་བཀུར་རྒྱ་ཆེན་པོ་བྱས་ཤིང༌།རྗེ་འདི་པས་ཀྱང་སོ་སོའི་འདོད་པ་དང་མཐུན་པའི་དབང་རྗེས་གནང་ལུང་མན་ངག་མཐའ་ཡས་པ་སྩལ་ཅིང་འདི་ལོ་དབྱར་གནས་ཀྱི་ཐོག་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་རྗེ་ཉིད་ཀྱི་བཀའ་རྩོམ་སྔར་ཡོད་ཕལ་ཆེ་བའི་ལུང་གནང༌།དབྱར་གནས་ཀྱི་སྐབས་འདིར་བདག་ཀྱང་དབུས་ནས་འཁོར་ཏེ་སྐྱབས་མགོན་མཆོག་འདི་ཉིད་ལ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད། སྒྲོན་གསལ་སོགས་འགྲེལ་པ་བཞིས་འཆད་པའི་བཤད་སྲོལ་བཟང་པོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་གངས་རིའི་ཁྲོད་འདིར་སྔོན་མེད་པའི་ཤིང་རྟའི་ལམ་སྲོལ་ཕྱེ་བ། འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་གསང་བ་ཟབ་མོའི་ཟབ་ཆོས་སྩོལ་བར་གསོལ་བ་བཏབ་པས་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་དང་རྗེ་ཉིད་ཀྱི་སྐུའི་ཕུ་བོ་ཕྱག་མཛོད་ཆེན་མོ། གྲྭ་ཚང་བཞིའི་བླ་མ། སྔགས་གྲྭའི་འགྲེལ་དཔོན་པ་ཁ་ཤས་བཅས་ལ་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ནས་དབུ་བཙུགས་ཏེ་ཉིན་ལྟར་སྔ་དྲོ་ཉི་ཤར་ནས་གསོལ་ཚིགས་བར་ཆོས་ཐུན་རིང་པོ་རེ་མཛད་ནས་འགྲེལ་པ་བཞི་སྦྲགས་གཟབས་བཤད་དང་བཅས་པ་ཟླ་བ་གཅིག་གི་རིང་རྒྱས་པར་སྩལ། དེའི་ཚེ་ཐོག་མར་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རིན་པོ་ཆེའི་མཎྜལ་དང་བཅས་པ་རྒྱས་པར་ཕུལ་ཏེ་གསོལ་བ་འདེབས་པ་བླ་མ་རྒྱུད་མཆོད་དུ་གྲགས་པ་རྒྱས་པར་བྱས་ཤིང་ཆོས་ཐུན་རེ་རེ་བཞིན་རྡོར་སེམས་སྒོམ་བཟླས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་སྐྱོང་རྣམས་དང་དམ་ཅན་ཆོས་ཀྱི་རྒྱལ་པོར་གཏོར་འབུལ་བླ་མ་བརྒྱུད་པའི་གསོལ་འདེབས་རྣམས་དཀར་ཆག་ཐོའི་ཡིག་ཆུང་ལས་འབྱུང་བ་ལྟར་མཛད་ཅིང༌། ལེགས་པར་གྲུབ་པའི་རྗེས་སུ་གཏང་རག་གི་ཚོགས་འཁོར་རིན་པོ་ཆེའི་མཎྜལ་ཅི་འབྱོར་བའི་དངོས་པོ་རྣམས་ཀྱིས་མཆོད།    རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་གླེགས་བམ་ཕྱག་ཏུ་བཞེས་ཏེ་བདག་ཅག་རྣམས་ལ་དབང་བསྐུར་བ་རྒྱས་པར་གནང་བ་སོགས་མཁས་གྲུབ་ཐམས་ཅད་མཁྱེན་པས་འཇམ་མགོན་བླ་མའི་བཀའ་སྲོལ་བཟང་པོ་རྣམས་མི་ནུབ་པར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་མཆོད་པ་དང་འཆད་ཉན་ཇི་ལྟར་བྱ་བའི་ཚུལ་དཀར་ཆག་ཐོའི་ཡིག་ཆུང་དུ་བཀོད་པ་ཚང་མ་ཆད་ལྷག་མེད་པ་མཛད་པས་འཇམ་མགོན་བླ་མའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ།   །དེ་ནས་དུས་འཁོར་ཆོ་ག་བ་རྣམས་ཀྱིས་ཞུས་ངོར་ཁོང་རྣམ་པ་དང་བདག་ཅག་རི་ཁྲོད་པ་རྣམས་བཅས་ལ་དུས་འཁོར་གྱི་ཆོ་ག་ཡོངས་རྫོགས་ཀྱི་ལུང་དང༌།   དུས་ཀྱི་འཁོར་ལོའི་མན་ངག་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་རྣམས་སྦ་གསང་མེད་པར་ཆེས་ཞིབ་པར་སྩལ།   ཚོགས་ཆེན་དགེ་བསྐོས་ཆེན་མོས་ཞུས་ནས་འདུས་ཚོགས་ལ་རྣམ་འགྲེར་དབུ་མ་ཕར་ཕྱིན་འདུལ་བ་རྣམས་ལམ་རིམ་གྱི་ཉམས་ལེན་དང་སྦྱར་ནས་རྒྱས་པར་གསུངས་ཏེ་རྗེ་ཡབ་སྲས་ཀྱི་མཛད་སྲོལ་བཟང་པོ་ཉམས་པ་མེད་པར་མཛད་དོ།   །བདེ་མཆོག་སྒྲུབ་མཆོད་ཀྱི་ཐོག་སྔགས་གྲྭའི་དགེ་འདུན་རྣམས་ལ་སྒྲུབ་མཆོད་ཀྱི་རིང་ཚ་རྟིང་མའི་ཚོགས་བར་ལ་བདེ་མཆོག་སྦས་དོན་ཀུན་གསལ་བདེ་མཆོག་རྩ་རྒྱུད་དང་རྩ་འགྲེལ་སྦྲགས་ཏེ་ཆོས་ཐུན་རེ་ལོ་ལྟར་གནང་སྲོལ་མཛད་འདུག་པ་འདི་ལོ་བདག་གིས་ཚར་གཅིག་ཚང་མ་གསུང་བར་གསོལ་བ་བཏབ་སྟེ་མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་དང་རྩ་འགྲེལ་སྦྲགས་ཏེ་དཀའ་བའི་གནད་རྣམས་ལ་གཟབས་བཤད་དང་བཅས་རྒྱས་པར་སྩལ། འདིའི་ཚེ་བླ་མ་རྡོ་རྗེ་འཆང་ཆེན་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རིན་པོ་ཆེའི་མཎྜལ་དང་བཅས་པ་སྔ་ཕྱི་གཉིས་སུ་རྒྱས་པར་བྱས་ཤིང༌། གཏང་རག་གི་ཚོགས་འཁོར་དང་ཟང་ཟིང་གི་ལོངས་སྤྱོད་ཅི་འབྱོར་པས་མཆོད་དེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་སྙིང་པོ་མཐར་ཐུག་པ་བདེ་མཆོག་རྩ་རྒྱུད་ཀྱི་བཤད་སྲོལ་བཟང་པོ་པཎ་ཆེན་ནཱ་རོ་ཏ་བའི་མན་ངག་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མགོན་པོ་འཇམ་པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་ལེགས་པར་ཕྱེ་བ་འདི་ཉིད་མིང་ཙམ་ཡང་ནུབ་པ་ལ་ཉེ་བའི་དུས་འདིར་ཉམས་པ་གསོས་ཏེ་འཕེལ་ཞིང་རྒྱས་པའི་བཀའ་དྲིན་མཛད་པས་རྗེ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་པ་ཐམས་ཅད་ཀྱི་ནང་ནས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་དང༌།   དཔལ་དུས་ཀྱི་འཁོར་ལོའི་བཤད་སྲོལ་དང༌།རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་སྒོ་ནས་རྒྱུད་སྡེ་བཞི་ཀའི་ལམ་གྱི་བཤད་སྲོལ་དང༌།   དཔལ་འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་གྱི་བཤད་སྲོལ་འདི་རྣམས་ནི་མཛད་པ་ཀུན་གྱི་ནང་ནས་མཛད་པའི་མཆོག་ཏུ་གྱུར་པ་བསྟན་པའི་བྱ་བ་བླ་ན་མེད་པ་ཡིན་པས་གངས་ཅན་པ་ཐམས་ཅད་ཀྱིས་བཀའ་དྲིན་བསབ་པར་སླ་བ་མ་ཡིན་ཞིང་ཚུལ་འདི་དག་གི་སྒོ་ནས་རྗེ་འདིའི་བཀའ་དྲིན་དྲན་པར་བྱ་བ་དང༌།   རྗེ་འདིའི་སྐུ་ཆེ་བའི་ཡོན་ཏན་ལ་བསྔགས་ཏེ་ཕྱོགས་སུ་ལྷུང་བ་མ་ཡིན་པར་གཟུ་བོའི་བློས་རྗེ་འདིའི་རྣམ་ཐར་བརྗོད་ཅིང་དྲན་པར་བྱའོ། །དེ་ནས་གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོས་ཐུགས་རྫོགས་བཞེས་པ་དང༌། དབང་ལུང་མན་ངག་རྒྱ་ཆེན་པོ་གསན་པ་སོགས་ཀྱི་ཆེད་དུ་རྗེ་འདི་སྤྱན་འདྲེན་ཞུས་ཏེ་དབུས་ཕྱོགས་སུ་ཕེབས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ལ་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་བསྟན་པ་ཡོངས་རྫོགས་གང་ཟག་གཅིག་གི་ཉམས་ལེན་དུ་འཁྱེར་བའི་མན་ངག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཁྲིད་དང༌།    ས་གསུམ་གྱི་སྒྲོན་མེ་གཅིག་པུ་ལེགས་བཤད་མ་ལུས་འདུ་བའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་དང༌།    ལྷག་པའི་ལྷ་མང་པོའི་རྗེས་གནང་སྒྲུབ་ཐབས་སོ་སོའི་ལུང་རྣམས་འབུལ་བར་མཛད་ཅིང༌། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号