ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
བློ་ཆེན་ཉིན་མོར་སྤྱོད་པའི་སྐལ་བཟང་ལ།       བློ་བུར་བཅོས་མའི་རྩྭ་སྒྲོན་འདིས་ཅི་བྱ།
བློ་མུན་གནམ་སྟོང་སྨག་གི་རྗེས་འགྲོ་ལ།
བློ་སྐྱེད་དཀའ་ཕྱིར་སྙིང་ལས་ཆུང་ངུར་བསྟི།
༈གསུམ་པ། མཆོག་དམན་སྣ་ཙོགས་ཕྱོགས་སྡེབས་ཀྱི་དཔེར་བརྗོད་ནི། བསོད་ནམས་ཀྱི་ཞིང་མཆོག་མདོ་སྔགས་བཤད་སྒྲུབ་ཀྱི་སྡེ་ལ་འབུལ་བ་དཔེར་མཚོན་ན། ༈རིག་གྲོལ་མཆོག་གི་བདག་ཉིད་དགེ་འདུན་འདུས་པ་རྒྱ་མཚོའི་ཞབས་དྲུང་དུ། ༈ཕྱོགས་ལས་རྣམ་པར་རྒྱལ་པའི་ཆོས་སྡེ་ཆེན་པོ་འཛམ་གླིང་རྒྱན་གཅིག་གང་དེའི་དགེ་འདུན་བཙུན་པ་རྣམས་ཞབས་པད་གདན་འཛོམ་པའི་སྤྱན་སྔར། ༈སྐྱེ་དགུའི་ཡོན་གནས་བླ་ན་མེད་པ་འཕགས་ཚོགས་འདུས་པ་རྒྱ་མཚོའི་སྤྱན་སྔར།    ༈བསླབ་གསུམ་འོ་མའི་རྒྱ་མཚོར་རོལ་པའི་མཁས་མང་གསེར་རིཁི་ཕྲེང་བ་ཚར་དུ་དངར་བ་ལྟ་བུའི་མདུན་སར། ༈སྡེ་སྣོན་གསུམ་གྱི་ཆོས་དུང་ངུར་སྨྲིག་གོས་ཀྱིས་ཀླུབས་པའི་མཁས་འདུས་གྲྭ་ཚང་ཆེན་མོའི་དགེ་འདུན་ཡོངས་ཀྱི་ཞབས་པད་དྲུང་དུ། ༈ལུང་རིགས་གསེར་གྱི་དྲིལ་ཆེན་མངོན་པར་སྒྲོག་པའི་མཁས་མང་འདུས་སྡེ་རིན་པོ་ཆེའི། ༈མདོ་རྒྱུད་གངས་རི་འཛིན་པའི་མཁས་བཙུན་སྨྲ་བའི་སེང་ཆེན་བརྒྱ་སྟོང་རྣམ་པར་འགྱིང་པ་ཕྱོགས་ལས་རྣམ་པར་རྒྱལ་པའི་ཆོས་སྡེ་ཆེནཔོའི་དགེ་འདུན་ཡོངས་ཀྱི།  ༈གསང་ཆེན་བསྟན་པའི་གདུགས་དཀར་དགུང་ལ་འདེགས་པའི་མཁས་གྲུབ་འདུས་པ་རྒྱ་མཚོའི་ཚོགས་ཀྱི། ༈དཔལ་ལྡན་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྒྱ་མཚོའི་མངའ་བདག་དགེ་འདུན་རིག་པ་འཛིན་པ་རྣམས་ཀྱི། ༈བཤད་སྒྲུབ་བསྟན་པའི་འབྱུང་གནས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཀྱི།   ༈མཁས་གྲུབ་ཡོངས་གྱི་འབྱུང་གནས་འདུས་སྡེ་རིན་པོ་ཆེའི།༈རྣམ་གྲོལ་ནོར་བུའི་གླིང་མཆོག་ཁྲིམས་ལྡན་འདུས་པ་རྒྱ་མཚོའི་ཚོགས་ཀྱི་ཞབས་པད་རིན་པོ་ཆེའི་དྲིུ་དུ༑
༈གུས་པའི་ཕྱག་དང་བཅས་ཞུ་བ། ༈གུས་པ་ཆེན་པོས་གསོལ་བ་འདེབས་འབྲས། ༈གུས་གསོལ།
༈དེང་ཐུབ་བསྟན་ཡོངས་སུ་རྫོགས་པའི་དོ་ར་ཆེན་པོར་ཐུགས་མཐུན་ཁྲིམས་གཙང་གི་རྒྱན་གྱིས་མཛེས་ཤིང༌། འཁོར་ལོ་གསུམ་དང་ཆོས་སྤྱོད་བཅུའི་ཟློས་གར་ཀུན་ནས་བསྒྱུར་པས་གཟུར་གནས་བློ་གྲོས་ཀྱི་མིག་ཅན་མཐའ་དག་ཡིད་འགུལ་བར་བྱེད་པའི་གཏམ་སྙན་པོ་ཡང་དང་ཡང་དུ་ཐོས་བས་དད་སྤྲོའི་སྣང་བ་ཆེས་ཆེར་རྒྱས་པར་གྱུར། ༈དེང་སྐབས་ས་གསུམ་གྱི་སྒྲོན་མེ་ཆེན་པོ་བསྟན་པ་ཡོངས་རྫོགས་ཀྱི་མདུན་ས་དམ་པ།   མཁས་པ་དང་གྲུབ་པའི་འབྱུང་གནས་གཅིག་བུ་འཆད་ན་ལེགས་བཤད་ཀྱི་སྐྱེས་བཟང་ཞིང༌། རྩོད་ན་ལུང་རིགས་ཀྱི་ངར་ཆེ་བ།རྩོམ་ན་སྙན་ཚིག་གི་ཉམས་ཐོན་པའི་དྲན་དབང་འབུམ་སྡེའི་སྐད་ཀྱི་འགྱུར་བ་རེར་ཡང་སྔོན་མེད་ལེགས་པར་བཤད་པའི་གཏམ་གྱི་སྒོ་བརྒྱ་ཅིག་ཆར་འཆར་པའི་ངོ་མཚར་འབྱམས་སུ་ཀླས་པས་བྱང་ཕྱོགས་ནོར་འཛིན་གྱི་མེ་ལོང་ཡངས་པར་འཕགས་ཡུལ་ཆོས་ཀྱི་དགའ་ཚལ་པྲ་ཕབ་པ་ལྟར་གསལ་བ་ལ་མཆོག་ཏུ་དར་པའི་དད་པའི་གཟུགས་སུ་སྐྱེས་པར་གྱུར། ༈གཞི་ཚུལ་ཁྲིམས་རྣམ་པར་དག་པའི་གསེར་གྱི་ས་གཞིར་ཐོས༌བསམ་གྱི་རྦ་རླབས་ཆལ་ཆིལ་དུ་གཡོ་བའི་སྒྲུབ་པ་ཉམས་ལེན་གྱི་ཆུ་
གཏེར་འཁྱིལ་བ་མངོན་པར་རྟོགས་པའི་ཡོན་ཏན་གྱི་ནོར་བུས་ཡོངས་སུ་གང་བཞིན་སྐུ་བསྙེལ་བ་མི་མངའ་བར་བཞུགས་པ་ནས།   བརྩེ་བས་ཐུགས་ལ་ཏགས་པའི་བཀའ་མཆིད་ཞིབ་རྒྱས་སུ་བསྩལ་པས་དགའ་དད་སྤྲོ་གསུམ་འགྲན་པར་འགྱུར། ༈དེང་ཡང་ཐུབ་ཆེན་བསྟན་པའི་ནང་མཛོད་གཅེས་པར་བཟུང་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པའི་མཛད་པས་ཡངས་པའི་འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པར་བྱེད་བཞིན་བཞུགས་པ་ནི་བཀའ་དྲིན་རྨད་དུ་བྱུང་བ་ལགས། འདི་ནའང་སྐྱབས་གསུམ་གཙུག་ཏུ་འཛིན་པའི་གུས་པ་ལྷོད་མེད་དུ་གནས། སླད་ཀྱི་ཆ་ལའང་སྐལ་བཟང་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་མཐུན་པ་དང་རིག་པའི་བདག་ཉིད་དུ་བརྟན་བརྗིད་ལྷུན་ཆགས་པར་རོལ་པ་ནས། འཕྲལ་ཡུན་གྱི་དོན་མཐའ་དག་ཆོས་བཞིན་འགྲུབ་པའི་སྐྱབས་འཇུག་གཡེལ་བ་མེད་པ་མཁྱེན་མཁྱེན། ༈ཞུ་ཡིག་སྤྱན་སྔར་སྨིན་བྱེད་མཚོན་ཙམ་བཅས་ཟླ་ཚེས་ལ་གུས་པ་ཆེན་པོས་ཕུལ།
 ༈་དྲིན་ཅན་ཕ་མའི་དྲུང་དུ་ཡི་གེ་འབུལ་ན།  ༈ལུས་སྲོག་སྐྱོབ་པའི་ཕ་བཟང་སྐུ་དྲིན་ཅན་གྱི་ཞབས་དྲུང་དུ།   ༈མི་ལུས་ཡིད་བཞིན་ནོར་བུ་ལེགས་པར་སྩོལ་བའི་མ་ཅིག་སྐུ་དྲིན་ཅན་གྱི་ཞབས་དྲུང་དུ།
 ༈ལུས་མཆོག་སྐྱེད་པའི་ཕའམ། མ་རྒན་དྲིན་ཅན་གང་དེའི་དྲུང་དུ།   ༈ཐོག་མེད་འཁོར་བར་ཡང་ཡང་དྲིན་གྱིས་བསྐྱངས་པའི་བརྩེ་ལྡན་ཕ་མ་མཆོག་གི་སྤྱན་སྔར།
༈ཞུ་འབྲས།
༈དེང་ཡང་སྐུ་ལུས་སྙོམས་ཤིང་ཆོས་སྤྱོད་དགེ་བ་ཅི་ནུས་སུ་སྒྲུབ་བཞིན་བཞུགས་ལགས་སམ། འདི་ནའང་ལུས་སེམས་བདེ་བར་རློམ༌པའི་ངང་ནས་ཁྱེད་ཅག་ཡིད་ལ་སྐད་ཅིག་ཀྱང་འབྲལ་གླགས་མེད་པར་གནས།          
༈སླད་མར་ཡང་སྐུ་གཟུགས་ལ་བཅའ་དག་ངོས།ནམ་ཞིག་གཏན༌གྱི་འདུན་མ་སྒྲུབ་ཕྱིར། བསླུ་མེད་དམ་པའི་ཆོས་ལ་ཐུགས་རྩེ་གཅིག༌དྲིལ་གྱི་སྒོ་ནས། ཡི་དམ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་ལ་འབད་པ༌ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ། གཟིགས་རྟེན་ལྷ་རྫས་བཅས་ཟླ༌ཚེས་ལ་ཕུལ།
༈སྡེ་དཔོན་རང་སྐྱ་ཐུབ་པ་ཞིག་ལ་འབུལ་ན། ༈བསོད་ནམས༌སྟོབས་ཀྱི་དབང་ཕྱུག་དཔོན་ཆེན་དམ་པའི་དྲུང་དུ། ༈བྱམས་བརྩེའི༌མངའ་བདག་དཔོན་རིན་པོ་ཆེའི། ༈དཔོན་བདག་པོ་ཆེན་པོ་མཁྱེན༌རབ་ཀྱི་གཏེར་དུ་གྱུར་བ་གང་དེའི་དྲུང་དུ།    
༈ཞུ་གསོལ།    ༈སྟབས་བདེར་ཞུ་བ། ༈འབུལ་འབྲས། ༈དེང༌ཡང་སྐུ་རིན་པོ་ཆེ་གངས་རིའི་དབང་པོ་ལ་ཉི་མ་ཤར་བ་བཞིན་དྭངས་ཤིང་ཆོས་སྲིད་ཀྱི་གནང་ཁྱབ་བཟང་པོ་ཡར་ལྡན་དུ་བཞུགས་པ་ཐོས་པས་སྤྲོ་བ་རྒྱ་ཆེར་འཕེལ། ༈དེང་སང་སྐུ་ཁམས་འཛམ་བུ་གསེར་ལྟར༌བཟང་ཞིང༌།   ཆབ་སྲིད་མངའ་ཐང་བརྟན་རྒྱས་སུ་བཞུགས་ལགས༌སམ།   ༈དེང་ཉིད་སྐུ་འཚོ་བརྟན་ཅིང་རྣམ་དཀར་གོང་འཕེལ་དུ༌བཞུགས་པ་ནས།   གསུང་ཤོག་གནང་རྟེན་གྱ་ནོམ་པ་དང་བཅས༌བསྩལ་པ་བཀའ་དྲིན་ལྷག་པར་ཆེ།
༈འདིར་ཡང་ཉིད་ཀྱི་དྲིན་ལས་བདེ་སྐྱིད་ཆེ་བར་གནས།
༈དངོས་ཅག་ཀྱང་བདེ་མུས་སུ་མཆིས།
༈འདི་ནའང་སྔར་རྒྱུན་བཞིན་གནས།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号