༈སླད་དུའང་ཕན་བདེའི་གཞི་འཛིན་སྐུའི་འཚོ་སྐྱོང་དང་འགྲོ་ཕན་གྱི་མཛད་སྒོ་རྒྱ་ཆེ་བར་དགོངས་གཏད་གཡེལ་བ་མེད་པ་ནས། ཇི་ལྟར་འོས་པའི་གསུང་མཆིད་དགེ་པའང་འཕྲལ་ཡུན་ཏུ་ཡོད་པ་ཞུ་ཞུ།
༈སླད་ནས་ཀྱང༌། ལེགས་ཉེས་རྣམ་པར་འབྱེད་པའི་མཁྱེན་རབ་ཉི་མ་ལྟར་གསལ་ཞིང་ལྷག་པའི་ཐུགས་བསམ་ཟླ་བ་བཞིན་དཀར་བས། སྲིད་སྐྱོང་གི་གནང་ཁྱབ་བཟང་པོ་ཡར་ལྡན་སྤེལ་བ་ནས་གང་ཅིའི་བཀོད་འདོམས་ཞིབ་རྒྱས་ལྷུར་སྩོལ་གནང་བ་མཁྱེམ་མཁྱེན། ༈སླད་མ་ནའང་བརྩེ་བའི་ཐུགས་ཀྱིས་མ་དོར་བའི་མགོ་འདོན་བདག་རྐྱེན་གང་དགོས་ཡིད་ལ་རེ་བ་བཞིན་གནང་བ་མཁྱེན། གཟིགས་རྟེན་མཚོན་བྱེད་བཅས་ཟླ་ཚེས་ལ་ཕུལ།
༈བླ་མ་རིན་པོ་ཆེའི་ཕྱག་མཛོད་སྲིད་སྐྱོང་གི་གོ་ས་མཐོ་བ་ཞིག་ལ་འབུལ་ན། ༈སྐྱབས་མགོན་ཆེན་པོའི་འཕྲིན་ལས་ཀྱི་གདུགས་དཀར་འཛིན་པ་གང་དེའི་དྲུང་དུ། ༈བསྟན་སྲིད་ཀྱི་མངའ་བདག་མཁྱེན་བརྩེའི་དབང་ཕྱུག་གང་དེའི། ༈རྣམ་འདྲེན་ཐུགས་རྗེའི་གསེར་གྱི་ཅོད་པན་འཆང་བ་སྐྱེ་དགུའི་དཔུང་གཉེན་མཆོག་གི་སྐུ་དྲུང་དུ།
༈ ཞུ་བ།
༈བསོད་ནམས་བརྒྱ་ཕྲག་དུ་མའི་མཚན་དང་གཟི་བརྗིད་ཀྱིས་བརྒྱན་པ་སྐུའི་བ་དན་དཀར་པོ་རབ་ཏུ་བརྟན་ཅིང་ཆོས་སྲིད་ཀྱི་ཁ་ལོ་དགུང་དུ་འདེགས་པའི་འཕྲུལ་གྱི་བྱེད་པ་རླབས་པོ་ཆེ་འགོག་མེད་དུ་འཆར་བཞིན་བཞུགས་པ་ངོ་མཚར་རྨད་དུ་བྱུང་བ་ལགས། ༈བདག་ཉིད་ཆེན་པོ་རྣམས་ནི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོར་ལྷ་མའི་དཔལ་འབྱོར་གྱི་ཆུ་ཀླུང་མཐའ་དག་འབད་མེད་དུ་འདུ་བའི་གཏོང་ལེན་གྱི་སྒོ་འཕར་འབྱེད་སྡོམ་ལ་ཤིན་ཏུ་མཁས་ཤིང༌། རེ་དོགས་དང་འདོད་པ་མི་གཅིག་པ་དུ་མ་ཚེར་མ་ལྟར་རྣོ་ཞིང་འཛིངས་པའི་འཁོར་འབངས་རྣམས་ལ། བླང་དོར་གྱི་བཀོད་ཁྱབ་ཕ་མས་བུ་ཚར་གདམས་པ་ལྟ་བུས་བདེ་འཇགས་སུ་མཛད་པ་དང༌། བྱས་བྱུང་སོ་སོར་འབྱེད་པའི་ཞི་དྲག་གི་ཚར་གཅོད་རྗེས་འཛིན་གང་འོས་སོགས་སྲིད་སྐྱོང་གི་མཛད་པ་རླབས་པོ་ཆེ་འཇིག་རྟེན་གྱི་ཕྱི་མོར་འོས་པ་ཕྱག་མཚན་དུ་བཞེས་པས། ཕུན་སུམ་ཚོགས་པ་ཐམས་ཅད་དཔྱིད་དུས་ཀྱི་དཔལ་ལ་འགྲན་བཞིན་འཚོ་གཞེས་ལྷམ་མེར་བཞུགས་པ་ནི། བཀའ་དྲིན་ཕུལ་དུ་བྱུང་བ་ལགས། ༈དེང་དུས་སྐུ་ཁམས་བཟང་ཞིང་བློ་ཆེན་ཐབས་མཁས་ཀྱི་ཡོན་ཏན་དུ་མའི་སྒོ་ནས་རྣམ་འདྲེན་དམ་པའི་ཆོས་སྲིད་ཀྱི་འཕྲིན་ལས་མཁའ་ཁྱབ་ཏུ་སྐྱོང་བཞིན་བཞུགས་པ་ནས་ཕྱག་བྲིས་རྟེན་གནང་བཅས་ཕྱག་རྟགས་ཀྱི་ལང་ཚོ་མ་རྙིང་བར་སྨིན་པས་སྤྲོ་དགའི་སྣང་པ་རྒྱ་ཆེར་འཕེལ། ཞེས་སོགས་སྐབས་དང་བསྟུན་ཞིང༌། རང་གི་གནས་ཚུལ་བརྗོད་པ་དང་མཇུག་བསྡུ་བའི་རིམ་པ་གོང་སྨོས་ཅི་རིགས་ཀྱིས་ཀྱང་འཐུས། །
༈དེ་བཞིན་དུ་རྒྱལ་པོ་ཆེན་པོའི་བཀའ་བློན་ཞིག་ལ་འབུལ་ན།མངའ་བདག་རྒྱལ་པོའི་མདུན་ན་འདོན་ཆེན་པོ་དེའི་དྲུང་དུ། ༈རྒྱལ་ཁྲིམས་གསེར་གྱི་ཤིང་རྟའི་ཁ་ལོ་བ་ཆེན་པོ་གང་དེའི། ༈མཁྱེན་སྤྱན་ཨུཏྤལ་རྣོན་པོའི་ཟུར་མདའ་ཤེས་བྱའི་ཕ་མཐར་དཀྱུས་པའི་མི་རྗེ་ས་འཛིན་གཉིས་པ་གང་དེའི་དྲུང་དུ།
༈འབུལ་འབྲས།
༈དེང་ཡང་གནམ་སའི་དབང་ཕྱུག་གི་མདུན་སར་རྒྱལ་སྲིད་ཀྱི་བྱེད་པ་མཐའ་དག་འཆུགས་མེད་དུ་གཏན་ལ་འབེབས་བཞིན་སྐུ་གཟེ་མདངས་རྒྱས་པར་བཞུགས་ལགས་སམ། ༈དེང་སྐབས་ཀྱང་ཕྱོགས་ལས་རྣམ་པར་རྒྱལ་བའི་བཀའ་ཁྲིམས་ཀྱི་ཁ་ལོ་རིན་པོ་ཆེ་གཡས་སྐོར་དུ་སྒྱུར་བཞིན་སྐུ་ཁམས་ཟླ་བའི་དཀྱིལ་འཁོར་གསལ་དངས་ལྷམ་མེར་བཞུགས་པ་བཞིར་བཅས། ༈དེང་ཡང་མཚུངས་པ་མེད་པའི་རྣམ་དཔྱོད་དང་བསོད་ནམས་ཀྱི་མཐུ་ཆེན་པོས་འབངས་ལ་ཉེ་མཁོན་མེད་པའི་ཁྲིམས་ལུགས་དྲང་པོར་སྲོང་པའི་ཐིག་ལས་མིའི་བདག་པོ་ཉིད་ཀྱང་འདའ་བར་དཀའ་བའི་རང་བཞིན་དུ་འཚོ་ཞིང་གཞེས་པ་ནས། གསུང་བྲིས་སྐྱེས་ལྡན་ཕྱག་རྟགས་ཀྱི་རི་མོ་བཀྲ་བ་ལེགས་པར་འབྱོར་བས་དགའ་བདེ་རྒྱ་མཚོའི་དཔལ་ལ་རོལ་པར་གྱུར། ཞེས་སོགས་དང༌། ཡང་ན། ༈ཕྱག་མཛོད་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོའི་དྲུང་དུ། ༈སྡེ་བ་རིན་པོ་ཆེ་འདོད་འཇོའི་དཔག་བསམ་མཆོག་གི ༈གསོལ་དཔོན་རིན་པོ་ཆེ་རྣམ་དཔྱོད་པདྨ་དཀར་པོ་བཞད་པའི། ༈མགྲོན་གཉེར་རིན་པོ་ཆེ་ཡིད་ནོར་འདྲེན་པའི་ཤིང་རྟ་མཆོག་གི ཞེས་དང༌། ཡང༌། ༈འདོད་དགུའི་འབྱུང་གནས་ཕྱག་མཛོད་རིན་པོ་ཆེའི། ༈ཆོས་སྲིད་ཀྱི་དབང་ཕྱུག་སྡེ་བ་རིན་པོ་ཆེའི། ༈འཇིག་རྟེན་གྱི་མེས་པོ་ཆེན་པོ་སྡེ་བ་རིནཔོ་ཆེའི། ༈བསྔགས་འོས་ཡོན་ཏན་གྱི་དབང་ཕྱུག་སྐུའི་རིམ་གྲོ་བ་ཆེན་པོའི། ༈མཁྱེན་དཔྱོད་ཀྱི་མངའ་བདག་མགྲོན་གཉེར་རིན་པོ་ཆེའི་དྲུང་དུ༑
༈ཞུ་འབྲས། དེང་ཡང་སྐུ་ཞབས་མཆོག་དང་ཐུགས་བསམ་གྱི་འཇུག་སྒོ་ཐ་མི་དད་ཅིང་ཅི་གསུང་ཚུལ་བཞིན་སྒྲུབ་པའི་ལེགས་མཛད་ཕུན་སུམ་ཚོགས་པར་བཞུགས་པ་ཐོས་པས་སྤྲོ། ༈དེང་ཡང་མཛེས་སྐུ་ཟླ་བའི་དཀྱིལ་འཁོར་གསལ་དྭངས་དྲི་མ་མིད་ཅིང༌། བློ་མྱུར་དྲན་གསལ་སྨྲ་མཁས་སོགས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པས། བདག་ཉིད་ཆེན་པོའི་ཞབས་ཕྱིར་འཇུག་པ་བདེ་བར་བཞུགས་པའི་རིང་ནས་ཕྱག་བྲིས་རྟེན་ལྡན་གནང་བ་བཀའ་དྲིན་རྨད་དུ་བྱུང་བ་ལགས། ༈ཉེ་ཆར་སྐུ་ལུས་མཆོག་ཏུ་སྙོམས་ཤིང་དོན་གཉིས་ཕུན་སུམ་ཚོགས་པའི་ཐབས་མཁས་ཀྱི་མཛད་སྒོ་ལེགས་ལམ་ཆེ་བར་བཞུགས་པ་ནས་གསུང་ཤོག་གནང་རྟེན་བཟང་པོས་སྤུད་པ་ཇི་ལྟར་གནང་བཞིན་ཉེ་བར་སྨིན་པས་སེམས་ཀྱི་ཁང་བུ་སྤྲོ་དགའི་འོད་ཀྱིས་ཁྱབ་པར་གྱུར། ངོས་ཀྱང་མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་ལས་ཟོ་མདོག་བདེ་བ་ལྟར་སྣང་བའི་སྐབས་ལེགས། ༈སླད་ནས་ཀྱང་སྐུ་ཞབས་མཆོག་གི་བཀའ་དང་རྗེས་སུ་སྟུན་པའི་ཕྱི་ནང་གསང་བའི་མཛད་སྒོ་རྨད་དུ་བྱུང་བ་སྔར་མུ་གོང་འཕེལ་ངོས། འཕྲལ་ཡུན་ཀུན་ཏུ་དགེ་བའི་གསུང་འཕྲོས་ཀྱང་རིམ་པར་གནང་བ་ཐུགས་ལ་འདོགས་པར༌ཞུ། གཟིགས་རྟེན་ལྷ་རྫས་བཅས་ཟླ་ཚེས་དགེ་བར་ཕུལ། 13/20 མདུན་ངོས། 上一页 11 12 13 14 15 16 下一页 尾页 |