ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེ་ལ་ཀུན་གཞི་ནི་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང་བརྟེན་པ་ས་བོན་གྱི་ཀུན་གཞིའི་མཚན་ཉིད་གཉིས་ལས། དང་པོ་ལ། དམིགས་པ།   རྣམ་པ། ངོ་བོ། གྲོགས་ཏེ་བཞིའོ། །དང་པོ་ནི་གཟུགས་སོགས་དོན་ལྔ་དང་དབང་པོ་ལྔའི་སེམས་ཅན་དང་བདག་དང་ཆོས་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ལ་དམིགསཔའོ།   །གཉིས་པ་ནི་སྣོད་བཅུད་དེ་དག་སྣང་ཡང་རང་གིས་ཀྱང་ངེས་པ་འདྲེན་མི་ནུས་པའོ། །གསུམ་པ་ནི་མ་སྒྲིབ་ལུང་མ་བསྟན་ནོ།   །བཞི་པ་ནི་སེམས་བྱུང་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པའོ།   །དེ་སྐད་དུ་ཡང་སུམ་ཅུ་པ་ལས། དེ་ནི་ལེན་པ་དག་དང་གནས།   །རྣམ་པར་རིག་དང་མི་རིག་པ།   །རྟག་ཏུ་རེག་དང་ཡིད་བྱེད་དང༌།  །རིག་དང་འདུ་ཤེས་སེམས་པར་ལྡན།  །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབ་ལུང་མ་བསྟན། །ཞེས་སོ། ། དེ་ཡང་དགེ་བ་དང་མི་དགེ་བ་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འཛིན་ཞིང་དུས་ཀུན་ཏུ་རྒྱུན་མི་འཆད་པ་ཞིག་ཡིན་ཞིང་ཐེག་དམན་པའི་ལྷག་མེད་ཀྱི་མྱང་འདས་དང་ཐེག་ཆེན་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་འཇུག་པའོ།   །བརྟེན་པ་ས་བོན་གྱི་ཀུན་གཞི་ནི་བསྒོ་བྱེད་རྣམ་ཤེས་ཚོགས་བདུན་གྱིས་བསྒོ་གཞི་ལ་རང་ཉིད་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ས་བོན་བཞག་པའི་ནུས་པ་ཞིག་གོ། བསྒོ་གཞི་ནི་གློག་ལྟ་བུའི་མི་བརྟན་པ་མ་ཡིན་པའི་རྒྱུན་ཆགས་པ།  དགེ་མི་དགེའི་སེམས་ཧ་ཅང་གསལ་བ་དང་མི་གསལ་བ་མེད་པས་ལུང་དུ་མ་བསྟན་པ།   མི་རྟག་པ་ཡིན་པས་བསྒོ་བར་ནུས་པ། བསྒོ་བྱེད་དང་བསྒོ་གཞི་སྐྱེ་འགག་དུས་གཅིག་ཏུ་བྱེད་པའི་འབྲེལ་བ་དང་ལྡན་པ།རྣམ་གྲངས་ཀྱིས་མ་ཡིན་པར་མཐའ་གཅིག་ཏུ་རྟེན་དུ་གྱུར་པ་སྟེ་ཁྱད་པར་ལྔ་ལྡན་ནོ།   །བག་ཆགས་ལ་དབྱེ་ན་དྲུག་སྟེ། ནས་ལ་སོགས་པ་ཕྱིའི་ས་བོན་དང༌། ནང་ཀུན་གཞིའི་ས་བོན་དང༌།   ལུང་དུ་མ་བསྟན་པ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་མི་གསལ་བ་གཉིས་དང༌།   ཕྱི་ཀུན་རྫོབ་པའི་ས་བོན་དང་།ནང་དོན་དམ་པའི་ས་བོན་སྟེ་དྲུག་གོ །དེ་ལྟར་ཡང་ཐེག་བསྡུས་ལས།   ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན།   །ས་བོན་རྣམ་པ་དྲུག་ཏུ་འདོད། །བརྟན་ལུང་མ་བསྟན་བསྒོ་བྱ་བ། །བསྒོ་བར་བྱེད་དང་འབྲེལ་བ་དང༌། །བསྒོ་བྱེད་དེ་ལས་གཞན་དུ་མིན།   །དེ་ནི་བག་ཆགས་མཚན་ཉིད་དོ།   །ཞེས་སོ། །ཡང་ན་མངོན་པར་བརྗོད་པའི་བག་ཆགས་དང༌།   བདག་ཏུ་བལྟ་བའི་བག་ཆགས་དང༌།   སྲིད་པའི་ཡན་ལག་གི་བག་ཆགས་དང༌། དེའི་དང་པོ་ནི།   ཀུན་གཞིའི་སྟེང་གི་ས་བོན་ཆོས་ཐམས་ཅད་མིང་དང་མཚན་མའི་རྣམ་པར་འབྱུང་བ་ཞིག་སྟེ། མདོར་ན་ཐ་སྙད་སྣ་ཚོགས་འདོད་པའི་ཡིད་ཤེས་ཀྱི་རྒྱུའི་རྐྱེན་ནོ། །འདི་ལ་མངོན་བརྗོད་ཀྱི་བག་ཆགས་ཟེར་བའི་རྒྱུ་མཚན་ནི་མིག་མིག་ཞེས་དང་གཟུགས་གཟུགས་ཅེས་སོགས་བརྗོད་པའི་རྣམ་པ་ཅན་གྱི་ཡིད་ཤེས་ཀྱིས་བཞག་པའི་ས་བོན་ཡིན་པས་སོ། །འདི་ལ་སྤྲོས་པའི་བག་ཆགས་ཅེས་ཀྱང་ཟེར་ཏེ། ཡིད་ཤེས་ཡུལ་ལ་འཕྲོ་བའི་ས་བོན་ཡིན་པའི་ཕྱིར་རོ།  །བག་ཆགས་གཉིས་པ་ནི་ཉོན་ཡིད་མཚུངས་ལྡན་དང་བཅས་པས་བཞག་པ་སྟེ། བདག་དང་གཞན་དུ་སྣང་བའི་རྣམ་རིག་འབྱུང་བའི་ས་བོན་ནོ། །འདི་ལ་འཇིག་ཚོགས་ལ་བལྟ་བའི་བག་ཆགས་ཅེས་ཀྱང་ཟེར་རོ།   །བག་ཆགས་གསུམ་པ་ནི་འཇུག་ཤེས་དགེ་བའམ་མི་དགེ་བས་བཞག་པ་སྟེ།   སྲིད་པ་བདེ་འགྲོའམ་ངན་འགྲོ་སྐྱེ་བ་དང་འཆི་བའི་རྣམ་པར་རིག་པའོ། །འདི་ལ་རྨི་ལམ་གྱི་བག་ཆགས་ཞེས་ཀྱང་ཟེར་རོ། །ཡང་ན་ཐུན་མོང་པ་སྣོད་ཀྱི་འཇིག་རྟེན་འགྲུབ་པའི་ས་བོན་དང་ཐུན་མོང་མ་ཡིན་པ་བཅུད་ཀྱི་འཇིག་རྟེན་འགྲུབ་པའི་ས་བོན་གཉིས་ཏེ། དེ་གཉིས་ལ་རིམ་པ་བཞིན་ཚོར་བ་མེད་པའི་ས་བོན་དང་ཚོར་བ་དང་བཅས་པའི་ས་བོན་ཞེས་ཀྱང་ཟེར་རོ། །ཡང་ན་བཞི་སྟེ་ཉོན་མོངས་པའི་ས་བོན་ནི་གནས་ངན་ལེན་གྱི་ས་བོན་དང༌། འཇིག་རྟེན་པའི་ཆོས་དགེ་བ་རྣམས་ཀྱི་ས་བོན་ནི་ཤིན་ཏུ་སྦྱངས་པའི་ས་བོན་དང༌། དགེ་མི་དགེའི་ས་བོན་ཕྱུང་ཟིན་པ་ནི་སྤྱད་ཟིན་པའི་ས་བོན་དང༌། མངོན་པར་བརྗོད་པའི་བག་ཆགས་ནི་སྤྱད་མ་ཟིན་པའི་ས་བོན་ནོ།   །འདི་པའི་ལུགས་ལ་ཀུན་གཞི་རྣམ་ཤེས་རྫས་ཡོད་ཡིན་ཀྱང་དེའི་སྟེང་གི་བག་ཆགས་ནི་བཏགས་ཡོད་དེ། ས་བོན་དང་ནུས་པ་དང་བག་ཆགས་ཅེས་བྱ་བ་ནི་དོན་གཅིག་གོ   །དེ་ཡང་གཟུགས་དང་ཤེས་པ་མིན་ལ་འདུས་བྱས་ཡིན་པས་ལྡན་མིན་འདུ་བྱེད་དོ། །ཀུན་གཞི་ས་བོན་གྱི་ཆ་དེ་ལ་ཀུན་གཞི་ཞེས་བརྗོད་པའི་རྒྱུ་མཚན་ནི། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུའི་ངོ་བོར་སྦྱོར་བའི་ཕྱིར་ན་དེ་སྐད་ཅེས་བྱའོ།   །ཀུན་གཞི་རྣམ་སྨིན་གྱི་ཆ་ནི་འགྲོ་བ་ལྔའི་སེམས་ཅན་ཀུན་འདིར་ཉོན་ཡིད་ཀྱིས་བདག་ཏུ་་སྦྱོར་བའི་ཕྱིར་ཀུན་གཞི་ཞེས་བྱའོ།  །
གཉིས་པ་ཉོན་ཡིད་ཀྱི་མཚན་ཉིད་ནི། །དམིགས་པ་ནི་ཀུན་གཞི་རྣམ་སྨིན་ཀྱི་ཆའོ།  །རྣམ་པ་ནི་ང་དང་ང་ཡིའོ་སྙམ་པའི་རློམས་སེམས་པའོ། །ངོ་བོ་ནི་སྒྲིབ་ལ་ལུང་དུ་མ་བསྟན་པའོ། །འཁོར་ནི་ཀུན་འགྲོ་ལྔ་དང༌། འདོད་ཆགས༌། མ་རིག་པ། ང་རྒྱལ། བདག་ལྟ་སྟེ་བཞིའོ།   །དེ་ལྟར་ཡང་སུམ་ཅུ་པ་ལས། དེ་ལ་གནས་པ་རབ་འབྱུང་ཞིང༌།  །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་སེམས་ངར་སེམས་བདག་ཉིད་ཅན། །སྒྲིབ་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཅེས་སོ། །ལྡོག་པའི་དུས་ནི་འགོག་པའི་སྙོམས་འཇུག་གི་དུས་དང་འཕགས་པའི་མཉམ་བཞག་གི་དུས་ནི་རེས་འགའ་བའི་ལྡོག་དུས་སོ། །དབང་ཐོབ་པའི་སེམས་དཔའ་ཡན་ཆད་དང་ཉན་རང་དགྲ་བཅོམ་པ་རྣམས་ནི་གཏན་དུ་ལྡོག་པའི་དུས་སོ། །ཞེས་ཀུན་གཞིའི་དཀའ་འགྲེལ་དུ་བཤད་དོ། །
ལུགས་འདིས་ཀུན་གཞི་དང་ཉོན་ཡིད་སྒྲུབ་བྱེད་ནི་ལུང་རིགས་གཉིས་ལས། དང་པོ་ནི། མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་ཀྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་དང༌། །དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས༌། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན།   །ཞེས་སོགས་ཀྱིས་ཀུན་གཞི་དང༌། དགོངས་འགྲེལ་ལས། རེས་འགའ་ནི་ཀུན་གཞི་རྣམ་པར་ཤེས་པ་འདི་རྣམ་པར་ཤེས་པ་གཅིག་དང་ལྷན་ཅིག་ཏུ་འཇུག་སྟེ་ཡིད་དང་ངོ༌། །རེས་འགའ་ནི་གཉིས་དང་སྟེ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ངོ༌། །རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་བདུན་ཀ་དང་ལྷན་ཅིག་འཇུག་སྟེ་ཞེས་དང༌། གསེར་འོད་དམ་པ་ལས། ཀུན་གཞལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ཞེས་དང༌། ལངྐར་གཤེགས་པ་ལས། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ།   །ངར་སེམས་པ་ནི་ཡིད་ཡིན་ནོ། །ཡུལ་ལས་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད།  །ཅེས་པ་རྣམས་ནི་ཀུན་གཞི་དང་ཉོན་ཡིད་གཉིས་ཀ་སྒྲུབ་བྱེད་ཀྱི་ལུང་ངོ་། །
གཉིས་པ་ལ་ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པ་ནི། འདི་པའི་གཞུང་ཐེག་བསྡུས་ལ་སོགས་པར་མང་དུ་གསུངས་ཀྱང་ཀུན་བཏུས་ཀྱི་འགྲེལ་བར་བརྒྱད་དུ་བསྡུས་པ་ནི་འདི་ལྟར། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང། གཟོད་མ་འབྱུང་བ་མི་སྲིད་པ་དང༌། གསལ་བར་འབྱུང་བ་མི་སྲིད་པ་དང༌། ས་བོན་ཉིད་མི་སྲིད་པ་དང༌། ལས་མི་སྲིད་པ་དང༌། ལུས་ཀྱི་མྱོང་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང༌། རྣམ་པར་ཤེས་པ་འཆི་འཕོ་བ་མི་སྲིད་བའི་ཕྱིར་རོ། །ཞེས་པའོ། །ཉོན་ཡིད་སྒྲུབ་བྱེད་ཀྱི་རིགས་པ་ནི་དྲུག་སྟེ། ཉོན་ཡིད་མེད་ན། མ་འདྲེས་པའི་མ་རིག་པ་མེད་པར་འགྱུར་བ་དང༌། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་འདྲ་བ་མེད་པར་འགྱུར་བ་དང༌། སྙོམས་འཇུག་གཉིས་ཀྱི་ངོ་བོ་བྱེ་བྲག་མེད་པར་འགྱུར་བ་དང༌། བདག་དང་ངར་སེམས་པའི་ཕྱིར་ཡོད་དོ་ཞེས་པའི་ངེས་ཚིག་འདི་རྣམ་ཤེས་གང་ལ་ཡང་མི་གནས་པར་འགྱུར་བ་དང༌།ངར་འཛིན་རྣམ་པ་ཀུན་ཏུ་འབྱུང་བ་མི་འཐད་པར་འགྱུར་བ་དང༌། འདུ་ཤེས་མེད་པར་སྐྱེས་པ་རྣམས་ངར་འཛིན་མེད་པའི་སྐྱོན་དུ་འགྱུར་བ་སྟེ་དྲུག་གོ །ཀུན་གཞི་ཉོན་ཡིད་ཀྱི་སྐོར་འདི་དག་ལ་གོ་བ་ལེགས་པར་ཆགས་ན་སེམས་ཙམ་པའི་གྲུབ་མཐའི་གནད་འགག་དུ་མ་ཞིག་ལ་མཁས་པར་འགྱུར་བས་ཤིན་ཏུ་གལ་ཆེའོ། །འདིར་ནི་མངས་ཀྱིས་དོགས་པས་རྒྱས་པར་མ་བྲིས་ཏེ་ཐེག་བསྡུས་རྩ་འགྲེལ་དང་རྗེ་བདག་ཉིད་ཆེན་པོའི་གསུང་ལས་ཤེས་པར་བྱའོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号