ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེ་ལྟར་གཞིའི་ལྟ་བ་གཏན་ལ་འབེབས་ཚུལ་ཕྱིན་ཅི་མ་ལོག་པ་འདི་ལ་ངེས་པ་རྙེད་ན་ལམ་གྱི་གནས་་སྐབས་སུ་ཐབས་ཤེས་ཡ་མ་བྲལ་བའི་གནད་མི་འཆུག་པ་བདེ་བླག་ཏུ་འོང་ཞིང༌།  དེས་ནི་འབྲས་བུ་སྐུ་གཉིས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་བསྐྱེད་ནུས་པས་དབུ་མའི་ལྟ་བ་འདི་ནི་ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཤིན་ཏུ་གལ་ཆེ་བ་ལ་ངེས་པ་བཙལ་དགོས་སོ།   །
ད་ནི་འདི་དཔྱད་པར་བྱ་སྟེ།   ཅི་དབུ་མ་པར་འཇོག་པ་ལ་རང་གི་ལྟ་བ་དེ་ཉིད་མཐའ་ཐམས་ཅད་དང་བྲལ་བའི་རྟེན་འབྱུང་ཕྲ་མོའི་དོན་རྟོགས་པ་ཞིག་དགོས་ན་ནི་དབུ་མ་རང་རྒྱུད་པ་དབུ་མ་བར་མི་རུང་སྟེ། རང་རྒྱུད་པས་ཆོས་དང་གང་ཟག་གི་བཏགས་དོན་རིགས་པས་བཙལ་ནས་གདགས་གཞི་ཁྱད་པར་བ་རེ་དེ་དང་དེར་འཇོག་པའི་ཕྱིར་ན་རང་མཚན་གྱི་མཐའ་ཕྲ་མོ་མ་ཁེགས་པའི་ཕྱིར་རོ།   །ཅི་སྟེ་དངོས་པོ་ལ་མཐའ་ཐམས་ཅད་བཀག་པ་མིན་ཀྱང་རང་ངོར་མཐའ་ཐམས་ཅད་ཁེགས་པའི་དབུ་མ་པར་འདོད་པས་དབུ་མ་པར་འཇོག་ན་དངོས་སྨྲ་བ་ཡང་དབུ་མ་པར་ཐལ་ཏེ། དེས་མཐའ་གཉིས་བཀག་པའི་སྒོ་ནས་རང་གི་ལྟ་བ་དབུ་མའི་ལམ་དུ་འདོད་པའི་ཕྱིར་རོ། །ཞེས་ཟེར་ན། བཤད་པར་བྱ་སྟེ། སྤྱིར་ཆོས་དེ་དེ་ལྟར་མི་གནས་ཀྱང་གྲུབ་མཐའི་དབང་གིས་དགག་བྱ་བཀག་པའི་སྟོང་ཚུལ་ཞིག་ཆོས་དེ་དང་དེའི་གནས་ལུགས་སུ་འཇོག་པ་ནི་བློས་བྱས་ཀྱི་སྟོང་པ་ཡིན་པས་དབུ་མའི་དོན་མེད་ལ།   ཆོས་དེ་དགག་བྱ་དེས་སྟོང་པར་གཏན་ལ་ཕབ་པ་ལྟར་ཆོས་དེ་གནས་ཀྱང་སྟོང༌ཚུལ་དེས་ཆོས་ཅན་དངོས་པོ་མཐའ་དག་ལ་ཁྱབ་པ་མིན་པ་ནི་ཉི་ཚེ་བའི་སྟོང་པ་ཡིན་པས་ཆོས་དབྱིངས་དེ་བཞིན་ཉིད་དུ་མི་རུང་ངོ༌།   །དེ་ལ་དངོས་པོར་སྨྲ་བའི་ལུགས་ཀྱི་གཟུགས་རང་འཛིན་ཤེས་པ་ལས་རྒྱང་ཆད་དུ་གྲུབ་པས་སྟོང་པའམ་རང་འཛིན་པའི་རྟོག་པའི་ཞེན་གཞིར་གནས་ཚོད་ཀྱིས་གྲུབ་པས་སྟོང་པ་ལྟ་བུ་ནི་སྟོང་ཚུལ་དེས་ཆོས་ཅན་གྱི་དངོས་པོ་མཐའ་དག་ལ་ཁྱབ་པ་མ་ཡིན་ཞིང༌། རྒྱུ་མཚན་དེས་ན། སྟོང་ཚུལ་དེས་ཆོས་ཐམས་ཅད་ཀྱི་སྟེང་གི་རྟེན་འབྱུང་དང་སྟོང་པའི་དོན་གཅིག་ཏུ་རྟོགས་པར་མི་ནུས་ཤིང༌། སྟོང་ཚུལ་དེ་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཡང་མ་ཡིན་ནོ།    །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་མཐའ་གཉིས་འགོག་ཚུལ་དང་སྣང་སྟོང་གྲོགས་སུ་འགྱུར་ཚུལ་ལེགས་པར་འཇོག་མི་ཤེས་སོ།   །
དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཐ་སྙད་དུ་རང་མཚན་བཀག་ན་གཞི་དེ་ཐ་སྙད་དུ་ཡོད་པར་འཇོག་མ་ནུས་པས་རང་མཚན་ཁས་བླངས་ཀྱང་ཆོས་ཐམས་ཅད་ལ་བློ་གནོད་མེད་ལ་མ་ལྟོས་པའི་སྡོད་ལུགས་ཀྱི་གྲུབ་ཚུལ་མི་བཞེད་ཅིང་རིགས་པའི་རྣམ་གྲངས་དུ་མས་འགོག་པར་མཛད་དོ། །དེ་ལྟར་བཀག་པའི་སྟོང་ཚུལ་དེ་ནི་དོན་ལ་མི་གནས་པ་མ་ཡིན་པས་བློས་བྱས་ཀྱང་མ་ཡིན་ཞིང༌།   འདུས་བྱས་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པས་ཉི་ཚེ་བའི་སྟོང་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བཀག་པའི་སྟོང་ཚུལ་དེ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་དོན་གཅིག་ཏུ་ཡང་རྟོགས་པར་ནུས་པས་གཞི་ཐམས་ཅད་ཀྱི་སྟེང་དུ་མཐའ་གཉིས་སྤོང་ཚུལ་སེམས་ཙམ་པ་ལས་ཆེས་ཤིན་ཏུ་ཕྲའོ།   །དེས་ན་དབུ་མ་རང་རྒྱུད་པ་རྣམས་ལ་དབུ་མ་པ་ཞེས་བརྗོད་དུ་རུང་ཞིང་སེམས་ཙམ་པ་ལ་དབུ་མ་པའི་སྒྲ་འཇུག་ཏུ་མེད་དོ།   །           
རྗེ་བདག་ཉིད་ཆེན་པོས་མཁས་པ་དེ་དག་ཀྱང་ཆོས་བདེན་པར་ཡོད་པའི་གྲུབ་མཐའ་རིགས་པའི་སྒོ་དུ་མས་འགོག་ཅིང་བདེན་མེད་དུ་ལེགས་པར་ཞལ་གྱིས་བཞེས་པས་དབུ་མ་པ་ནི་ཡིན་ནོ། །ཞེས་གསུངས་པའི་དོན་ནི་དེ་ལྟར་དུ་ཤེས་པར་བྱའོ།   །སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང༌།   ཐ་སྙད་དུ་ཕྱི་ནང་གི་རྟེན་འབྲེལ་སྒྱུ་མ་ཙམ་དུ་བྱ་བ་བྱེད་ནུས་སུ་ཡོད་ཅིང་དོན་དམ་པར་ངོ་བོ་ཉིད་མེད་པར་ཤེས་པ་ནི་འཕགས་པ་ཡབ་སྲས་དང་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་ལ་སོགས་པ་དབུ་མའི་ལམ་སྨྲ་བ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པའོ།   །ཞེས་གསུངས་སོ།  །འོན་ཀྱང་རྟེན་ནས་འབྱུང་བའི་དོན་ཤིན་ཕྲ་བ་རྟོགས་པ་ནི་དབུ་མ་ཐལ་འགྱུར་བ་ཁོ་ནའོ། །
བཞི་པ་གྲུབ་མཐའི་འདོད་ཚུལ་ལ་གཉིས།   ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕྱེ་ཚུལ་དང༌། གྲུབ་མཐའི་འདོད་ཚུལ་བཤད་པ་དངོས་སོ།   །

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号