ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེའི་ཕྱིར་ཆེ་གེ་མོ་ཞིག་གིས་ལུང་བསྟན་པའི་སྐྱེས་བུ་ཡིན་ནོ་ཞེས་གཞན་གྱི་ལུང་བསྟན་ཙམ་ལ་སྐྱའས་འཆའ་བའི་རྣམ་པར་ཐར་པ་དང་འདྲ་བའི་གོ་སྐབས་ག་ལ་ཡོད། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དུ་མ་བརྙེས་པ་སོགས་ལས་ཀྱང་བཤད་མ་ཐག་པའི་རྣམ་པར་ཐར་པ་ཉིད་གཙོ་བོ་ཡིན་ནོ། །རྗེ་བླ་མ་རང་ཉིད་ཀྱིས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།   །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཅེས་ཐོག་མ་ཁོ་ནར་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་ལ་འོལ་སྤྱི་ཙམ་དང་ཕྱོགས་རེ་ཙམ་མ་ཡིན་པར་ཞིབ་ཏུ་ཐོས་པ་རྒྱ་ཆེན་པོ་བཙལ་བའི་ཚུལ་དང༌།   དེ་ལ་བརྟེན་ནས་འདུལ་བ་ཀ་རི་ཀ་ནས་དཔལ་ལྡན་འདུས་པའི་བར་གྱི་མདོ་དང་བསྟན་བཅོས་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གཙོ་བོ་དང་ཡན་ལག་ཅི་རིགས་པར་འདུ་བའི་ཚུལ་གྱིས་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ་དང༌།
དེ་ལྟར་ཤར་བའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་དུས་རྟག་ཏུ་སྒྲུབ་པ་ལྷུར་ལེན་པའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་ལམ་གྱི་གནད་ལ་རིགས་པ་དྲི་མ་མེད་པའི་སྒོ་ནས་མྱོང་སྟོབས་ཀྱིས་ངེས་པ་དྲངས་པས་མི་འཆུག་པའི་གཟེར་ཐེབས་པའི་འབྲས་རྟགས་ཡང་དག་པ་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་འཁྱེར་ཤེས་པའི་མཛད་པ་སྤྱི་དང༌། ཁྱད་པར་དུ་རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གསུང་རབ་འདི་དག་ཡིན་ཏེ་འདི་དག་ལ་ཅི་ཙམ་བརྟགས་ཀྱང་མ་འབྲེལ་བ་དང་ཟློས་པ་དང་འགལ་བ་དང་ཚད་ཐུབ་ཀྱི་གཞུང་ལས་ཕྱི་རོལ་ཏུ་གྱུར་པའི་ཀླན་ཀ་འབྱུང་བའི་གནས་རྡུལ་ཙམ་ཡང་མེད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།    །དེའི་ཕྱིར། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུའང༌།   །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང༌། །འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི།   །འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས།   །ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད།  །ཅེས་གསུངས་པ་ནི་རང་བཞིན་བརྗོད་པ་ཁོ་ནའོ། །
གསུམ་པ་མཚན་ཉིད་ནི། ཆོས་ཐམས་ཅད་ལ་དོན་དམ་པར་གྲུབ་པའི་ཡོད་མཐའ་དང༌། ཐ་སྙད་དུ་ཡང་མེད་པའི་ཆད་མཐའ་ལེགས་པར་འགོག་ཅིང་བདེན་མེད་དུ་གྲུབ་པར་ཞལ་གྱིས་བཞེས་པའི་རང་སྡེ་ནི་དབུ་མ་པའོ། །དེ་ལ་ཡང་མཐའ་ནི། རྩ་ཤེས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན།  །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ།   །ཞེས་གསུངས་པ་ལྟར་ཡོད་མཐའ་དང་མེད་མཐའ་གཉིས་ཡོད་ལ།   ཡོད་མཐའ་དང་རྟག་མཐའ་དང་སྒྲོ་འདོགས་ཀྱི་མཐའ་དོན་གཅིག་ཅིང༌།   མེད་མཐའ་དང་ཆད་མཐའ་དང་སྐུར་འདེབས་ཀྱི་མཐའ་རྣམས་དོན་གཅིག་གོ །
མཐའ་དང་མཐར་འཛིན་མི་གཅིག་སྟེ། མཐའ་ལ་མེད་པ་ཅིག་དགོས་ལ་མཐར་འཛིན་ནི་ཡོད་པ་ཅིག་དགོས་པས་སོ། །དེ་ལ་གཞན་སྡེ་རྣམས་གང་ཟག་དང་ཆོས་གང་ལ་ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་རྐྱེན་ཉིད་འདི་བ་ཙམ་གྱི་རྟེན་འབྲེལ་ནམ་ཡང་ཁས་མི་ལེན་ཅིང་དེ་དག་བདེན་པར་གྲུབ་པ་འབའ་ཞིག་ཏུ་འདོད་པ་ནི་རྟག་ཆད་ཀྱི་ལྟ་བའི་གཡང་དུ་ལྷུང་བར་རང་སྡེ་མཐའ་དག་གིས་འདོད་དོ། །
རང་སྡེ་ཉན་ཐོས་སྡེ་གཉིས་ནི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་འདུས་བྱས་ཀྱི་རྟེན་འབྲེལ་ཁས་ལེན་ཅིང་དེས་རྟག་ཆད་ཀྱི་མཐའ་སྤོང་བར་འདོད་དེ། བྱེད་པ་པོ་རང་བཞིན་མི་འགྱུར་པ་ལ་སོགས་པའི་རྟག་པའི་མཐའ་འགོག་ཅིང་རྒྱུ་འབྲས་དང་བདེན་བཞི་ལ་སོགས་པ་གཏན་མི་འཐད་པར་འདོད་པའི་ཆད་པའི་མཐའ་འགོག་པའོ།   །རྣམ་པར་རིག་པ་ཙམ་དུ་སྨྲ་བས་གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་གཏན་ལ་ཕབས་ནས་ཀུན་བཏགས་བདེན་པར་གྲུབ་པ་ལ་སོགས་པ་རྟག་པའི་མཐའ་སྤོང་ཞིང༌། ངོ་བོ་ཉིད་གཞན་གཉིས་ཡེ་མེད་དུ་འདོད་པའི་ཆད་མཐའ་སྤོང་བར་འདོད་དེ་གོང་དུ་བཤད་ཟིན་ཏོ།   །
མཁས་པ་དབུ་མ་པ་རྣམས་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཉིད་བདེན་པས་སྟོངས་པའི་དོན་ཅན་དུ་བཞེད་ཅིང་བདེན་པས་སྟོངས་པའི་དོན་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཅན་ཉིད་ཡིན་གྱི། དོན་བྱེད་པའི་ནུས་པས་སྟོངས་པའི་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ། །ཞེས་བཞེད་པས་མཐའ་གཉིས་འགོག་པ་ལ་རྒྱུ་མཚན་སོ་སོ་བ་གཉིས་མི་དགོས་ཤིང་གང་ལ་བདེན་པའི་རང་བཞིན་བཀག་པའི་གཞི་དེ་ཉིད་ལ་རྣམ་པར་བཞག་པ་ཐམས་ཅད་འཐད་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་ཉིད་ཀྱིས་རྟག་ཆད་ཀྱི་མཐའ་གཉིས་ཀ་འགོག་པར་མཛད་དོ། །   
དེའི་ཕྱིར་རང་སྡེ་སེམས་ཙམ་པ་མན་ཆད་ཀྱིས་དངོས་པོ་ལ་བདེན་པའི་རང་བཞིན་ཡོད་པར་འདོད་པས་ན་དངོས་པོ་དེ་རྟག་པར་མི་སྨྲ་ཡང་རྟག་ལྟར་འགྱུར་ལ། དུས་སྔ་མར་བདེན་པར་ཡོད་པ་ཅིག་དུས་གཉིས་པར་ཞིག་པར་འདོད་ན་དེའི་རྒྱུན་ཆད་པར་ཁས་མི་ལེན་ཀྱང་ཆད་ལྟར་འགྱུར་པས་དངོས་པོ་ལ་བདེན་པའི་རང་བཞིན་འདོད་ཕྱིན་ཆད་རྟག་ཆད་ཀྱི་ལྟ་བ་ལས་མི་འདའོ།   །ཁྱད་པར་དུ་རྣལ་འབྱོར་སྤྱོད་པ་བ་དག་གཞན་དབང་སེམས་དང་སེམས་བྱུང་ཙམ་ཞིག་བདེན་པར་གྲུབ་པས་མེད་ལྟ་སྤོང་ཞིང༌།གཞན་དབང་ལ་ཀུན་བཏགས་པ་མེད་པས་རྟག་ལྟ་སྤོང་བར་འདོད་པ་ནི་ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་ཐ་སྙད་དུ་ཡོད་པ་ལ་སྐུར་བ་བཏབ་ཅིང་གཞན་དབང་བདེན་པར་མེད་པ་ལ་སྒྲོ་བཏགས་པས་རྟག་ཆད་གཉིས་ཀའི་མཐར་ལྷུང་བས་དབུ་མ་པའི་ལྟ་བ་ཁོ་ན་ལ་ཡོད་མེད་ཀྱི་མཐར་མ་ལྷུང་བ་དང་རྟག་ཆད་ཀྱི་སྐྱོན་དང་བྲལ་བ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号