གངས་རིའི་ཁྲོད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་འཛིན་ཆེན་པོ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ནི་རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང༌། མངའ་བདག་མཻ་ཏྲི་པ། དཔལ་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་ལ་གཏུགས། དཔལ་གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཕལ་མོ་ཆེའི་རྒྱུད་ཀྱི་བཤད་པ་གདམས་ངག་ལག་ལེན་དང་བཅས་པ་ཞིབ་ཏུ་སྦྱངས། བོད་དུ་བྱོན་ཏེ་བཀའ་བབས་ཀྱི་སློབ་མ་བཞི་ལ་སོགས་པའི་རྒྱུད་འཛིན་མང་དུ་བྱུང་ཞིང༌། གསང་སྔགས་ཀྱི་འཕྲིན་ལས་ཁྱབ་གདལ་ཤིན་ཏུ་ཆེ་བས་ད་ལྟའི་བར་དུའང་གདམས་ངག་གི་རྒྱུད་པ་མང་དུ་འཕེལ་བར་འདུག་གོ །རྗེ་འདི་ཉིད་ཀྱི་ལྟ་བ་ནི་པཎ་གྲུབ་ཀྱི་བླ་མ་མང་པོ་ལས་གསན་པས་དབུ་སེམས་ཀྱི་གདམས་པའི་རྒྱུན་དུ་མ་ཞིག་ཡོད་པར་སྣང་མོད་ཀྱང་གཙོ་བོ་ནི་རྗེ་རང་ཉིད་ཀྱི་གསུང་མགུར་དུ། ལྟ་བའི་སྒྲོ་འདོགས་ཆོད་པའི་བླ་མ་ནི་མཻ་ཏྲི་པ་ཉིད་ཡིན་པར་གསུངས་ཤིང༌།ལྟ་སྒོམ་སྤྱོད་པ་དང་རྒྱུད་ཀྱི་བཤད་པ་གང་གི་སྐབས་སུ་ཡང་ནཱ་རོ་མཻ་ཏྲི་གཉིས་ལ་གཙོ་བོར་མཛད་དོ། །དེ་ལ་མངའ་བདག་མཻ་ཏྲི་པ་ནི་དབུ་མ་པ་ཡིན་པར་མ་ཟད་དཔལ་ལྡན་ཟླ་བའི་ལུགས་ཁོ་ན་གཙོ་བོར་མཛད་པོ་པ་ཞིག་སྟེ། དེ་ཉིད་ཀྱིས་འཚོ་བའི་དེ་ཁོ་ན་ཉིད་བཅུ་པ་ལས། རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཡིན་ནོ། །ཞེས་སེམས་ཙམ་རྣམ་བདེན་རྫུན་གཉིས་ཀས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་མིན་པ་དང༌། དབུ་མ་པ་ལ་འང་བླ་མའི་མན་ངག་གིས་མ་བརྒྱན་པའི་དབུ་མ་པ་ནི་དབུ་མ་འབྲིང་པོ་ཡིན་པར་གསུངས་ལ། བླ་མའི་གདམས་ངག་ནི་དཔལ་ལྡན་ཟླ་བའི་ཞབས་ཀྱི་གདམས་ངག་ཁོ་ན་ཡིན་པར་དེ་ཉིད་ཀྱི་དངོས་ཀྱི་སློབ་མ་པཎྜི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་འགྲེལ་བ་ལས་བཤད་དོ། །
པཎ་ཆེན་ནཱ་རོ་པ་ཡང་དཔལ་ལྡན་ཟླ་བའི་ལུགས་ཁོ་ན་འཛིན་པ་སྟེ། དེ་ཉིད་ཀྱི་རྒྱུད་ཕྱི་མའི་འགྲེལ་བར། ཕྱི་མའི་རྒྱུད་ཀྱི་འགྲེལ་བ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་ཡིན། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་འཕགས་པ་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །ཞེས་གསུངས་པའི་ཕྱིར་དང་ལྟ་བའི་བཤད་པ་ཡང་དེ་ཁོ་ན་ལྟར་སྣང་བའི་ཕྱིར་རོ། །དེའི་ཕྱིར་སྔོན་དང་ཕྱིས་ཀྱི་རྟོག་གེ་བ་ཁ་ཅིག་མཻ་ཏྲི་པ་་སེམས་ཙམ་པ་ཡིན་ཏེ། ཤནྟི་པའི་སློབ་མ་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་ཕོངས་ཕྱིས་པའི་རྡོ་དང་མཚུངས་པས་དོར་བར་བྱ་བ་ཁོ་ནའོ། །དེ་ལྟར་ན་གྲུབ་དབང་མར་པའི་ལྟ་བ་ནི་དབུ་མ་པ་ཆེན་པོ་ཐལ་འགྱུར་པའི་ལྟ་བ་ཡིན་པར་གདོན་མི་ཟའོ། །འོན་ཀྱང་མར་པ་ནས་བརྒྱུད་པའི་གདམས་ངག་རྣམས་སུ་སེམས་ཙམ་ལུགས་དང་མཐུན་པའི་བརྡའ་སྤྲོད་ལུགས་ཀྱང་མཛད་མོད། དེ་ནི་སྔར་བཤད་པ་ལྟར་རྗེ་མར་པ་ལ་བླ་མ་པཎ་གྲུབ་ཡང་མང་ཞིང་དེ་ནས་བརྒྱུད་པའི་གདམས་པ་ཡང་མང་བར་འདུག་པས་བླ་མ་མར་པ་ནས་བརྒྱུད་པའི་ལྟ་བའི་གདམས་པ་ཡིན་ཚད་དབུ་མ་པའི་ལུགས་ཡིན་མི་དགོས་སོ། །
རྗེ་བཙུན་མི་ལ་རས་པའི་མགུར་འབུམ་དུ་ཡང་ཚེ་རིང་མ་ལ་གདམས་པ་སོགས་ལས་འབྱུང་བའི་ལྟ་བའི་གསུང་རིས་ནི་ཐལ་འགྱུར་པའི་ལྟ་བ་དང་མཐུན་པར་འདུག་ཅིང༌། རྗེ་བདག་ཉིད་ཆེན་པོས་ཀྱང་མགུར་དེའི་དོན་དབུ་མ་པ་དང་མཐུན་པར་གསུངས་སོ། །ཡང་གསུང་མགུར་འགའ་ཞིག་ཏུ་རྣལ་འབྱོར་བཞིའི་ངོ་སྤྲོད་མཛད་འདུག་ཅིང་དེ་དག་ལ་ཡང་དབུ་སེམས་ཀྱི་ལྟ་བའི་བཤད་ལུགས་ཅི་རིགས་པར་ཡོད་དོ། །དེ་དག་ཀྱང་བསྟན་པ་སྤྱིའི་རྣམ་བཞག་གི་བསྟན་བཅོས་རྩོམ་པ་མིན་ཕྱིན་ཐད་ཀ་ཐད་ཀའི་ཞུ་བ་པོ་དེའི་བློ་ངོ་དང་འཚམ་པའི་ལྟ་སྒོམ་སྤྱོད་པ་རེ་གསུངས་པ་མ་གཏོགས་གྲུབ་ཆེན་དེ་དག་གི་ཤེས་ཚད་མཐའ་དག་མི་དེ་ལ་བཤད་དགོས་དོན་མེད་པ་དབང་པོ་རྟུལ་པོས་ཀྱང་ཤེས་ནུས་སོ། །
རྣལ་འབྱོར་བཞིའི་ཐ་སྙད་ནི་སློབ་དཔོན་ཤནྟི་པས་སེམས་ཙམ་རྒྱན་དུ་བཤད་མོད་བཀའ་རྒྱུད་པའི་རྣལ་འབྱོར་བཞི་ལ་སེམས་ཙམ་པའི་ལུགས་ཀྱི་ངེས་པ་མི་སྣང་ངོ༌། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་གདམས་ངག་གི་མིང་འདོགས་གྲགས་ཆེ་བར་མཛད་པ་པོ་ནི་མཉམ་མེད་སྒམ་པོ་པ་ཡིན་ལ། དེ་ཉིད་ཀྱི་གསུང་ལས་ལྟ་བའི་ངོ་སྤྲོད་ལ་ཕར་ཕྱིན་ཐེག་པའི་ལུགས་དང་སྔགས་ཀྱི་ལུགས་གཉིས་འབྱུང་ཞིང་དེ་གཉིས་ཀ་ལའང་ཕྱག་རྒྱ་ཆེན་པོའི་གདམས་ངག་གི་མིང་འདོགས་པར་མཛད་དོ། །ཕར་ཕྱིན་ཐེག་པའི་ལུགས་ལ་སྟོང་ཉིད་ལ་ཕྱག་རྒྱ་ཆེན་པོར་གསུངས་པ་ཡོད་ཚུལ་སོགས་མདོ་ལུང་མང་དུ་དྲངས་ནས་བསྒྲུབས་པའི་བསྟན་བཅོས་ཀྱང་མཛད་སྣང་ངོ༌། །
ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དང༌། འབྲི་ཁུང་སྐྱུ་ར་རིན་པོ་ཆེ་གཉིས་ཀྱང་དེའི་རྗེས་སུ་འབྲངས་པར་སྣང་ཞིང་འདི་དག་ཀྱང་སྣང་ཕྱོགས་རྟེན་འབྲེལ་ལ་གཙིགས་ཆེ་བར་མཛད་ཅིང་སོ་སོར་རྟོགས་པའི་ཤེས་རབ་ཀྱི་དཔྱོད་པ་མི་འདོར་བའི་ལུགས་སུ་སྣང་ངོ༌། །འོན་ཀྱང་འདི་དག་གི་བཀའ་འབུམ་རྣམས་སུ་སློབ་མ་མཁས་པ་དང་མི་མཁས་པ་དུ་མས་ཟིན་བྲིས་ཉག་ཉོག་མང་པོ་བཅུག་འདུག་པ་ལ་ཡིད་བརྟན་མི་སྣང་ངོ༌། །དཀར་པོ་ཆིག་ཐུབ་ཞེས་པའི་མིང་ནི་ཞང་ཚལ་བ་ཡན་ཆད་དུ་དར་རྒྱས་ཆེ་རྒྱུ་མེད་ཅིང་ཞང་ཚལ་པས་དཀར་པོ་ཆིག་ཐུབ་ལ་གཅོ་བོར་བྱས་པའི་བསྟན་བཅོས་ཀྱང་མཛད་དོ། །འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་དགག་པ་མཛད་ཡུལ་གྱི་གཙོ་བོ་ཡང་འདི་ཡིན་པར་སྣང་ངོ༌། །ཕྱིས་ཀྱི་རང་གཞན་མང་པོས་ཀྱང་འདི་ཕྱོགས་ལ་དགག་པ་མང་དུ་མཛད་པར་འདུག་ལ། ཞང་ཚལ་བ་རང་གི་བཞེད་པ་ལ་ཅི་ཡང་ཡིད་ལ་མི་བྱེད་པའི་ཕྱོགས་གནས་པ་ཡིན་ན་དགག་པ་དེ་དག་གནད་དུ་འགྲོ་བར་སྣང་སྟེ། ཞིབ་པར་སྤྲོ་མ་འདོད་དོ། །
དེ་ལྟར་ན་བདག་གིས་གོང་དུ་བཤད་པ་འདི་རྣམས་ཀྱང་རང་རང་གི་གྲུབ་མཐའི་ཁུངས་གཏུགས་ས་གང་ཡིན་རྣམས་རྩད་བཅད་ནས་བྲིས་པ་ཡིན་གྱི། སྤྱིར་བོད་ཀྱི་ལོ་ཚྩ་བ་རྒྱ་གར་གྱི་མཁས་པ་རྩོད་མེད་ལ་གཏུགས་པ་རྣམས་ཀྱིས་ཀྱང་མཁས་པ་དེ་དང་དེའི་ལྟ་བའི་བཞེད་པ་རྩད་བཅད་པའི་ངེས་པ་མི་སྣང་ལ། རྩད་བཅད་ཀྱང་པཎ་གྲུབ་དེ་དག་གིས་དྲི་བ་པོའི་བློ་ངོར་འཚམས་པའི་ལྟ་སྒོམ་གྱི་གནད་ཅིག་སྟོན་པ་མ་གགཏོགས་རང་གི་མཁྱེན་ཚད་དེ་ལ་བཤད་པའི་ངེས་པ་མི་འདུག་སྟེ་ཚུལ་འདི་ནི་ཐེག་པ་ཆེན་པོའི་བཤེས་་་་གཉེན་བཟང་པོ་དག་གི་ངང་ཚུལ་ཡིན་གྱི། ཤ་སྐམ་ཁོག་པ་རེའི་ཡོན་ལ་རང་གི་ཤེས་ཚད་རྣ་བ་སུན་སུན་དུ་སྨྲ་བའི་ད་ལྟའི་འཆད་པ་པོ་རྣམས་དང་མི་འདྲའོ། །དེའི་ཕྱིར་ཇོ་ནང་ལུགས་དང་ཕྱིས་ཀྱི་སྟག་ཚང་ལོཙྪ་བ་ཤེས་རབ་རིན་ཆེན་གྱི་ལྟ་བའི་ལུགས་གཉིས་མ་གཏོགས་སྔོན་གྱི་མཁས་གྲུབ་ཕལ་མོ་ཆེའི་ལྟ་བའི་གདམས་པ་རྣམས་ལ་ཁུངས་གཏུགས་ས་རྒྱ་གར་གྱི་པཎ་གྲུབ་རེ་ཡོད་པར་འདུག་མོད། དེ་དག་གི་སྲོལ་འཛིན་པ་རྣམས་ལས་ཁ་ཅིག་ནི་མྱོང་བ་ཐན་ཐུན་ཡོད་ཀྱང་རིགས་པ་མི་ཤེས་པ་དང༌། འགའ་ཞིག་ནི་ཅུང་ཟད་སྦྱངས་ཀྱང་གྲུབ་མཐའི་ཁྱད་པར་མ་ཕྱེད་པ་དང༌། ལ་ལ་ནི་ཟེར་སྒྲོས་སྔ་མ་སྐྱོར་འདོད་ཀྱང་ཚིག་རིས་ཙམ་ཡང་སྐྱོར་མ་ཤེས་པ་དང༌། ཕལ་མོ་ཆེ་ནི་གདམས་པ་མཐོང་ཚད་རང་ལུགས་ཀྱི་གདམས་་པར་བསྲེ་བ་སོགས་བརྗོད་པར་དཀའ་བའི་ངང་ཚུལ་མང་དུ་སྣང་ངོ༌། ། 32/36 མདུན་ངོས། 上一页 30 31 32 33 34 35 下一页 尾页 |