ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཇོ་ནང་པའི་ལྟ་བ་ནི་རང་མལ་ནས་གློ་བུར་དུ་བརྡོལ་བའི་ལྟ་བ་ཞིག་ཡིན་པར་འདུག་ཅིང་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་དོ།  །སྟག་ཚང་པས་མ་དཔྱད་པ་དང་ཅུང་ཟད་དཔྱད་པ་དང་ཤིན་ཏུ་དཔྱད་པའི་གནས་སྐབས་གསུམ་དུ་ཕྱེ་ནས་གནས་སྐབས་ཕྱི་མ་ཕྱི་མས་སྔ་མ་སྔ་མ་འགོག་པའི་ལྟ་བ་ཞིག་བཤད་པ་ནི་ངོ་མཚར་ཏེ།   རང་གི་གྲུབ་མཐའ་ལ་རྒོལ་བ་གཞན་གྱིས་འགལ་བ་བསྒྲིགས་མི་དགོས་པར་རང་ཉིད་ཀྱིས་བཞག་པའི་བདེན་གཉིས་ཀྱི་རྣམ་བཞག་རང་ཉིད་ཀྱིས་བཤིག་པར་སྣང་བའི་ཕྱིར་རོ། །ངང་ཚུལ་འདི་ལྟར་གྱུར་ཀྱང་རྩོད་མེད་ཀྱི་ཤིང་རྟ་ཆེན་པོ་གཞན་ལ་འགལ་བ་བསྒྲིགས་པའི་ངལ་བ་་བསྟེན་པ་ནི་དམ་པ་དག་གིས་མཆོག་ཏུ་སྙིང་བརྩེ་བའི་ཡུལ་ཁོ་ནའོ།   །
གཞན་ཡང་ཞང་ཐང་སག་པ་ལ་སོགས་པ་སྔོན་གྱི་དབུ་མ་པར་ཁས་འཆེས་པ་དག་གིས་ཀྱང་ལྟ་བའི་གནད་ལ་ནོར་བ་མང་དུ་ཡོད་པ་རྣམས་ནི་རྗེ་ཡབ་སྲས་ཀྱི་གསུང་རབ་རྒྱ་མཚོ་ལྟ་བུ་ལས་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཨ་མ་ན་སེ་བ་དང༌། སེམས་ཕྱོགས་པར་ཁས་འཆེས་པ་མང་པོ་ཞིག་ནི་ཐབས་ཀྱི་ཆ་ལ་སྐུར་བ་འདེབས་པའི་རྒྱའི་མཁན་པོ་ཧྭ་ཤང་གི་རིང་ལུགས་ཁོ་ན་ཡིན་ཏེ། དེ་ཡང་རྣམ་པ་ཀུན་ཏུ་ཐབས་ཕྱོགས་ལ་སྐུར་པ་འདེབས་པ་དང་།    སྤྱོད་ཕྱོགས་དགོས་ཀྱང་ལྟ་བ་འཚོལ་བའི་ཚེ་སོ་སོར་རྟོག་པའི་དཔྱོད་པ་འདོར་བ་དང༌།    ཐོག་མར་འཚོལ་བའི་ཚེ་ཤེས་རབ་ཀྱིས་དཔྱོད་དགོས་ཀྱང་དངོས་གཞི་སྐྱོང་བའི་ཚེ་དཔྱོད་པ་འདོར་བ་སོགས་མང་དུ་སྣང་སྟེ། དེ་ཐམས་ཅད་ཧྭ་ཤང་གི་ལུགས་ལས་མ་འདས་པ་ཁོ་ན་ཡིན་ནོ།   །ལྟ་བ་ལོག་པ་འདི་དག་དར་ཆེས་བས་སྔར་བཤད་པའི་ལུགས་དེ་དག་གི་ནང་ནའང་འདི་དག་ཅི་རིགས་པར་བསྲེས་པ་བྱུང་སྣང་ངོ༌།  །
དེ་ལྟར་བདག་གིས་གངས་རིའི་ལྗོངས་ཀྱི་ལྟ་བའི་ཁྱད་པར་མདོ་ཙམ་བརྗོད་པ་འདི་ནི་གཞན་ལས་ཁྱད་ཐོན་པར་འདོད་པ་དང༌། ཕྱོགས་ལྷུང་དང་གྲགས་འདོད་ཀྱིས་ཀུན་ནས་བསླང་བ་མ་ཡིན་གྱི།མཁས་པ་དང་མི་མཁས་པ་དུ་མས་སྐུར་བར་བྱ་བའི་གནས་མ་ཡིན་པ་ལ་སྐུར་བ་དང༌། ལུགས་མི་མཐུན་པ་དུ་མའི་ཐ་སྙད་ཐམས་ཅད་གཅིག་ཏུ་བསྲེས་པ་དག་གིས་དྲི་མ་མེད་པའི་གཞུང་དྲི་མ་དང་བཅས་པར་བྱེད་པ་རྣམས་ལ་ཕན་པར་བསམ་པ་དང༌། ཁྱད་པར་དུ་རྗེ་བླ་མ་ཡབ་སྲས་ཀྱིས་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་འཁྲུལ་བའི་དྲི་མ་མཐའ་དག་དང་བྲལ་བ་མ་འདྲེས་པར་ཕྱེ་བ་འདི་ལ་རིགས་པའི་ལམ་ནས་དྲངས་པའི་དད་པ་བཅོས་མ་མ་ཡིན་པ་དང་ལྡན་པ་རྣམས་ལ་ཡིད་དགའ་བ་ཆེས་ཆེར་སྐྱེད་པར་བྱེད་པ་དང༌།བག་ཆགས་བཟང་པོ་ཅན་རྣམས་ལ་དྲི་མ་མེད་པའི་ལམ་མཆོག་ཏུ་གྱུར་པ་ནི་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་འདི་ཉིད་ཡིན་ནོ་ཞེས་མཚོན་པར་བྱ་བའི་ཕྱིར་དུ་སྨྲས་པ་ལགས་སོ། །གཞན་དུ་ན་ལེགས་པར་བཤད་པའི་གསེར་གྱི་ཞུན་མ་དང་ལོག་པར་བཤད་པའི་མཆིང་བུའི་གོང་བུ་གཉིས་མཉམ་པ་ཉིད་དུ་རྟོགས་པའི་ཆགས་བྲལ་གྱི་གོ་འཕང་མངོན་དུ་བྱས་པའི་འགྲོ་བ་འདི་དག་གི་རྣ་བར་ལུང་དང་རིགས་པའི་གཏམ་ཟབ་མོ་རྒྱ་ཆེར་བགྱིད་པ་ལ་བློ་གྲོས་དང་ལྡན་པའི་མཁས་པ་སུ་ཞིག་མཆོག་ཏུ་དགའ་བ་ཡོངས་སུ་འཛིན་པར་འགྱུར།  །
ད་ནི་འདི་བརྗོད་པར་བྱ་སྟེ་སྔོན་ལན་ཅིག་མ་ཡིན་པར་རྒྱལ་བ་རྣམས་ཀྱི་སྤྱན་སྔར་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་ཡོངས་སུ་བརྟས་པར་བྱས་པས་བསྟན་པའི་སྙིང་པོ་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་ཟབ་མོ་དབུ་མའི་ལམ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་ཚུལ་སེང་གེའི་ང་རོ་ཆེན་པོ་ཡོངས་སུ་སྒྲོགས་པར་མཛད་པས་དུས་ཀྱི་མཐར་ཡང་རྒྱལ་བའི་བསྟན་པ་སྐྱོན་དང་བྲལ་བས་ནོར་འཛིན་གྱི་ཁྱོན་མ་ལུས་པ་ཡོངས་སུ་འགེངས་པར་བྱེད་པ་པོ་ནི་རང་ཅག་རྣམས་ཀྱི་འདྲེན་པ་དམ་པ་མཚན་་་བརྗོད་པར་དཀའ་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་རྣམ་པར་གཡོ་བ་དེ་ཉིད་ཡིན་ལ།རྗེ་བཙུན་དེ་ཉིད་ཤིང་རྟ་ཆེན་པོ་གང་གི་རྗེས་སུ་འབྲངས་པ་ནི་མགོན་པོ་ཉིད་ཀྱི་གསུང་ལས་འདི་ལྟར་འབྱུང་སྟེ། ཁྱོད་ཀྱིས་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །ཇི་བཞིན་འགྲེལ་བར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུནྡའི་ཚལ།   །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། ། གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ།  །ལོག་སྨྲ་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི།  །འོད་དཀར་འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ནི་ངལ་གསོ་ཐོབ།   །ཅེས་གསུངས་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བའི་ལུགས་སྲོལ་ཉིད་མཆོག་ཏུ་གཟིགས་ཤིང་དེ་ཉིད་ཀྱིས་སྐལ་བ་དང་ལྡན་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ལམ་གསལ་བར་མཛད་དོ།།
དེ་ཉིད་ཀྱི་ཕྱིར་ན་རྗེ་བདག་ཉིད་ཆེན་པོ་འདི་ཉིད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ཀྱང༌། དེ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི་རྒྱལ་བའི་མདོ་སྔགས་ཀྱི་གསུང་རབ་མཐའ་དག་གི་དགོངས་པའི་དོན་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཚུལ་ཇི་ལྟར་ཕྱེ་བ་རྣམས་སོ་སོར་མ་འདྲེས་པར་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་འཁྲུལ་བའི་ཆ་ཤས་ཕྲ་མོ་ཙམ་ཡང་མེད་པར་རང་གིས་ངེས་ཤིང་གཞན་དག་ལ་འདོམས་པར་མཛད་པས་ཐུབ་པའི་བསྟན་པ་རིན་པོ་་ཆེ་ཡོངས་སུ་རྗོགས་པའི་བཀའ་དྲིན་གྱིས་ནོར་འཛིན་གྱི་ཁྱོན་ཁྱབ་པར་མཛད་པ་འདི་ཁོ་ན་ཡིན་ནོ་ཞེས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ།  །
དེས་ན་རྗེ་བཙུན་འདི་ཉིད་ཀྱིས་འདུལ་བའི་ཕྱག་ལེན་ཕྲ་མོ་ཡན་ཆད་ནས་གྲུབ་པའི་མཐའ་ཆེན་པོ་རྣམས་ཀྱི་བར་དང༌།   སྔགས་ཀྱིའང་དཀྱིལ་འཁོར་གྱི་ཆོ་ག་དང་ལག་ལེན་ཕྲ་མོ་ཡན་ཆད་ནས་རྒྱུད་ཀྱི་འགྲེལ་བ་ཆེན་མོ་རྣམས་ཀྱི་བར་མཐའ་དག་གང་ལའང་རུང་སྟེ་སླ་ཆོས་དང་རང་བཟོའི་ཉེས་པས་ནམ་ཡང་མ་གོས་པར་རང་རང་གི་སྲོལ་འབྱེད་པ་པོའི་པཎ་གྲུབ་རྣམས་ཀྱི་དགོངས་པ་ལ་གཏུགས་ཤིང་དེ་ཡང་རྒྱལ་བའི་བཀའ་དང་ལེགས་པར་གཏུགས་ཏེ་གནད་ཕྲ་མོ་རེ་ལའང་ལུང་རིགས་དུ་མས་དཔྱད་དེ་ངེས་པ་སྟེར་བར་མཛད་པ་དང༌།   ཚུལ་དེས་བསྟན་པ་ཐམས་ཅད་འགལ་བ་མེད་པར་གཅིག་གྲོགས་སུ་གཅིག་འགྱུར་པའི་ཚུལ་གྱིས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་བསྒྲིགས་པར་མཛད་པས་བཤད་སྒྲུབ་ཀྱི་བསྟན་པ་གཉིས་ཆར་འཛིན་ཅིང་སྤེལ་བར་མཛད་པའི་རྣམ་པར་ཐར་པ་འདི་ལྟ་བུ་ནི་སྔོན་བྱོན་པའི་གངས་ཅན་གྱི་མཁས་གྲུབ་སུ་ལའང་མེད་པར་མ་ཟད་རྒྱ་གར་འཕགས་པའི་ཡུལ་གྱི་འཕགས་པ་ཀླུ་སྒྲུབ་ལྟ་བུ་ལའང་འདི་བས་ལྷག་པ་ཡོང་ཐབས་མེད་པར་རིགས་བའི་ཚུལ་དྲི་མ་མེད་པས་འགྲུབ་པ་ཡིན་ནོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号