ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཚུལ་དེ་ནི་དཔལ་ལྡན་ཟླ་བའི་ཚིག་གསལ་ལས།   གང་ཞིག་གཞན་དབང་སེམས་དང་སེམས་ལས་བྱུང་བ་དངོས་པོ་ཙམ་ཁས་བླངས་ནས་དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མེད་པས་ཡོད་པར་ལྟ་བ་ཉིད་སྤོང་ཞིང༌།   གཞན་གྱི་དབང་གི་དངོས་པོ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པ་ཙམ་ཞིག་ཡོད་པས་མེད་པར་ལྟ་བ་ཉིད་སྤོང་བར་གྱུར་པ་དེའི་ལྟར་ན་ཀུན་ཏུ་བཏགས་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཞན་གྱི་དབང་ཡོད་པའི་ཕྱིར་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་གཉིས་ཀར་ཡང་འགྱུར་བས་མཐའ་གཉིས་སྤོང་བ་ག་ལ་འགྱུར། ཞེས་དང༌། དེའི་ཕྱིར་དེ་ལྟར་དབུ་མ་པའི་ལྟ་བ་ཁོ་ན་ཡོད་པ་དང་མེད་པ་ཉིད་དུ་ལྟ་བར་ཐལ་བ་མེད་པ་ཡིན་གྱི་རྣམ་པར་ཤེས་པར་སྨྲ་བའི་ལྟ་བ་ལ་སོགས་པ་་དག་ལ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་སོ། །
མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་།   །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ།   །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཅེས་གསུངས་སོ།   །དེའི་ཕྱིར་རྟག་ཆད་ཀྱི་ལྟ་བ་དང་བྲལ་བར་འདོད་ན་གང་ཟག་དང་ཆོས་རྣམས་བརྟེན་ནས་འབྱུང་བ་ཆུ་ཟླ་བཞིན་དུ་བདེན་པས་སྟོངས་པའི་དོན་ཅན་དུ་ཁས་བླང་བར་བྱའོ་ཞེས་བཞེད་དེ། རིགས་པ་དྲུག་ཅུ་པ་ལས།  གང་དག་རྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། །ཅེས་གསུངས་སོ།   །འོ་ན་ཏིང་ངེ་འཛིན་རྒྱལ་པོ་ལས། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ།   །གཙང་དང་མི་གཙང་དེ་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཅེས་དང༌། རྗེ་བཙུན་བྱམས་པས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ནའང་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པར་འདོད།    །ཅེས་མཐའ་གཉིས་སྤངས་པའི་དབུས་ལའང་གནས་པ་བཀག་པ་མ་ཡིན་ནམ་སྙམ་དུ་དོགས་ན།  ལོག་པར་རྟོག་པ་འདིའི་དབང་གིས་དབུ་མ་པའི་ལུགས་ལ་ཁས་ལེན་མེད་པ་སོགས་ནོར་བར་སྨྲ་བ་མང་དུ་བྱུང་བ་ཡིན་པས་བརྗོད་པར་བྱ་སྟེ། ལུང་དེ་དག་གིས་ནི་དངོས་པོར་སྨྲ་བ་རྣམས་ལྟར་མཐའ་ཉི་ཚེ་བ་ཞིག་བཀག་ནས་དེ་དང་བྲལ་བའི་དབུས་བདེན་པར་བཟུང་ནས་མི་གནས་ཞེས་སྟོན་པ་ཡིན་གྱི། མཐའ་དང་བྲལ་བའི་དབུས་མེད་པར་སྟོན་པ་ག་ལ་ཡིན། རྣམ་བཤད་རིག་པ་ལས།   མཐའ་ནི་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་གསུངས་པ་ལྟར་དོན་མང་པོ་ཞིག་ལ་འཇུག་ཀྱང་སྐབས་འདིའི་མཐའ་ནི། སློབ་དཔོན་ཀ་མ་ལ་ཤྲི་ལས། གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོའི་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་བ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི་དེའི་ཚེ་དེ་ལ་དེ་ཡོད་པས་རྟག་གོ་ཞེས་འམ་མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ལྟུང་བའི་གནས་སོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ།   །
དེས་ན་འདིའི་མཐའ་ནི་ལྟུང་བའི་གནས་ཡིན་ཏེ། འཇིག་རྟེན་ན་བྲག་གཡང་ལ་མཐའ་དང༌། དེ༌ལ་ལྷུང་བ་ལ་མཐའ་ལ་ལྟུང་ཞེས་སྨྲ་བ་བཞིན་ནོ། །དེ་ལ་ཡང་དག་པར་ཡོད་པ་ཐ་སྙད་དུ་ཡང་མེད་པའི་ཕྱིར་ཡང་དག་པར་མེད་པ་ཐ་སྙད་དུ་ཡོད་དགོས་ལ།   དེའི་ཕྱིར་དོན་དམ་པར་མེད་ཅེས་པ་མེད་པའི་མཐར་འཛིན་པ་མ་ཡིན་ལ། དེ་ལྟར་མ་ཡིན་ཞེས་འགོག་པ་ཡང་མེད་མཐའ་འགོག་པ་མ་ཡིན་མོད།དགག་བྱ་བཀག་པའི་མེད་པ་ཡང་དག་པར་ཡོད་དོ་ཞེས་འཛིན་ན་དངོས་པོ་མེད་པའི་མཐར་ལྟུང་བས་དེ་འགོག་པ་ཡང་མེད་མཐའ་འགོག་པ་ཡིན་ནོ།   །དེའི་ཕྱིར་དེ་ནི་སྒྲོ་འདོགས་ཀྱི་མེད་མཐའ་ཡིན་ལ་ལས་འབྲས་སོགས་ཐ་སྙད་དུ་མེད་པ་སྐུར་འདེབས་ཀྱི་མེད་མཐའ་ཡིན་ནོ། །ཆོས་རྣམས་དོན་དམ་པར་ཡོད་པར་འཛིན་པའི་ཡུལ་ཡུལ་ཅན་ནི་སྒྲོ་འདོགས་ཀྱི་མཐའ་དང་དེའི་མཐར་འཛིན་ཡིན་ནོ།   །
རད་ཉིད་དབུ་མ་པར་ཁས་འཆེས་པ་ལ་འདི་དག་ཤེས་དགོས་པས་ཅུང་ཟད་བཤད་ལ་ཞིབ་པར་རྗེ་ཐམས་ཅད་མཁྱེན་པའི་གསུངས་ལས་ཤེས་པར་བྱའོ།   །དེས་ན་བཅོམ་ལྡན་འདས་ཀྱིས་དབུ་མའི་ལམ་ཟབ་མོ་རེ་ཞིག་རྟོགས་པར་མི་ནུས་པའི་གདུལ་བྱ་རྣམས་དྲང་བར་བྱ་བའི་ཕྱིར་དུ། ལ་ལར་གང་ཟག་གི་བདག་ཡོད་པར་བསྟན་པ་དང༌། འགའ་ཞིག་ཏུ་གང་ཟག་གི་བདག་ནི་མེད་ཀྱི་གཟུང་འཛིན་གཉིས་ཡོད་པ་ལས་བརྩམས་ནས་བསྟན་པ་དང༌། ཐེག་ཆེན་གྱི་རིགས་ཅན་འགའ་ཞིག་ལ་གཟུང་འཛིན་གཉིས་མེད་ཀྱི་གཉིས་སྟོང་ཡོད་པར་གསུངས་ལ།   དབང་པོ་སྨིན་པའི་བློ་རབ་ཏུ་གྱུར་པ་ལ་ནི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྟོན་པར་མཛད་དེ། རིན་ཆེན་འཕྲེང་བ་ལས།
བརྡའ་སྤྲོད་པ་དག་ཇི་ལྟ་བུར།  །ཞེས་སོགས་དང༌། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་དང་།    །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི།   །སྨན་ཅེས་བྱ་བར་འགྱུར་མིན་ནམ། །ཞེས་དང༌། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌།།ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་སོ།   །
དེས་ན་དབུ་མའི་ལྟ་བ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་པ་དང༌།   དེ་ཉིད་ལ་བསྐྱེད་བྱ་སྐྱེད་བྱེད་དང་དགག་སྒྲུབ་སོགས་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་ཁས་བླངས་པས་ཆོག་པ་གཉིས་ཚོགས་ཞིག་དགོས་པ་ཡིན་ཏེ། བོད་ཀྱི་ལུགས་མང་པོ་དག་གི་ལྟ་བ་རྣམས་དབུ་མའི་ལྟ་བ་ཡིན་མིན་དཔྱོད་པར་འདོད་ན་འདི་ཉིད་ཁོ་ནའི་སྒོ་ནས་དཔྱོད་པར་བྱའོ།    །ཚུལ་འདི་ནི་འཕགས་ཡུལ་གྱི་དབུ་མ་ཐལ་རང་གཉིས་ཀའི་རྐང་ཚུགས་པའི་གྲུབ་པའི་མཐའ་ཡིན་ནོ། །འཕགས་པ་ཀླུས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ།   །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི།   །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །
ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབུ་མ་པ་རྣམས་ཀྱིས་ཀྱང་བདེན་པར་གྲུབ་པར་རྣམ་པ་ཐམས་ཅད་དུ་ཞལ་གྱིས་མི་བཞེས་པས་སྔར་བཤད་པའི་རྟེན་འབྱུང་དང་སྟོང་ཉིད་དོན་གཅིག་པ་ནི་དེ་ཁོ་ན་ལྟར་འཆད་དེ། ཤེས་རབ་སྒྲོན་མ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་སྟོང་པ་ཉིད་གང་ཡིན་པ་དེ་ནི་བརྟེན་ནས་གདགས་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་འདོད་པས་ཉེ་བར་ལེན་པ་དག་ལ་བརྟེན་ནས་གདགས་པ་ཡིན་ནོ། །དེ་ཉིད་དབུ་མའི་ལམ་ཡིན་ཏེ། དབུ་མ་ནི་སྐྱེ་བ་དང་སྐྱེ་བ་མེད་པ་དང་ཡོད་པ་དང་མེད་པའི་མཐའ་གཉིས་སྤངས་པའི་ཕྱིར། ཞེས་གསུངས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号