མཉམ་མེད་ཇོ་བོ་ཆེན་པོ་ཡང་དབུ་མ་ཐལ་འགྱུར་པ་ཡིན་པར་ལམ་སྒྲོན་རྩ་འགྲེལ། དབུ་མའི་མན་ངག་རྩ་འགྲེལ་སོགས་ཀྱིས་ཤེས་ཤིང་རྗེ་ཡབ་སྲས་ཀྱིས་ལན་ཅིག་མ་ཡིན་པར་བཤད་དོ། །དེས་ན་དབུ་མ་་པའི་དབྱེ་བ་ནི་ཐ་སྙད་འདོད་ཚུལ་གྱི་དབང་དུ་བྱས་ན་ཕྱི་རོལ་གྱི་དོན་འདོད་པ་དང་མི་འདོད་པ་གཉིས་སུ་ངེས་ཏེ། དེའི་སྔ་མ་ནི་ལེགས་ལྡན་འབྱེད་དང་ཟླ་པའི་ཞབས་རྗེས་འབྲངས་དང་བཅས་པའོ། །ཕྱི་མ་ནི་ཞི་འཚོ་ཡབ་སྲས་སོགས་སོ། །དོན་དམ་པ་སྟོང་པ་ཉིད་ངེས་པའི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་གྱི་སྒོ་ནས་ཕྱེ་ན་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་སུ་ངེས་སོ། །
རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་སུ་ཡོད་དེ། །དེའི་སྔ་མ་ནི་ལེགས་ལྡན་ཡབ་སྲས་དང་ཕྱི་མ་ནི་ཞི་འཚོ་ཡབ་སྲས་སོ། །ཐལ་རང་གཉིས་ཀྱི་ཁྱད་པར་ནི་འོག་ཏུ་འཆད་པར་འགྱུར་རོ། །བོད་ཀྱི་མཁས་པ་སྔ་མ་དག་གིས་སྣང་སྟོང་གཉིས་ཚོགས་དོན་དམ་བདེན་པར་འདོད་པ་སྒྱུ་མ་རིགས་གྲུབ་པ་དང༌། སྣང་བ་ལ་སྤྲོས་པ་རྣམ་པར་བཅད་པ་ཙམ་དོན་དམ་བདེན་པར་འདོད་པ་རབ་ཏུ་མི་གནས་པར་སྨྲ་བ་སྟེ་དབུ་མ་པ་གཉིས་སོ་ཞེས་ཐ་སྙད་བྱེད་པ་ལ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་སྤྲིངས་ཡིག་བདུད་རྩིའི་ཐིགས་པ་ལས་དོན་དམ་འདོད་ཚུལ་གྱི་སྒོ་ནས་གཉིས་སུ་བཞག་པ་ནི་རྨོངས་པ་ངོ་མཚར་སྐྱེད་པའི་རྣམ་བཞག་གོ །ཞེས་འགོག་པར་མཛད་དོ། །
རྗེ་བདག་ཉིད་ཆེན་པོས་ཀྱང་རྔོག་ལོ་ཆེན་པོའི་གསུང་དེ་ཤིན་ཏུ་ལེགས་ཏེ། རིགས་ཤེས་རྗེས་དཔག་གིས་གཞལ་བའི་དོན་ཙམ་དོན་དམ་བདེན་པར་འདོད་པའི་དབུ་མ་པ་སུ་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། ། འོན་ཀྱང་རྗེ་བདག་ཉིད་ཆེན་པོས་སྒྱུ་མ་རིགས་གྲུབ་པའི་དོན་དེ་ལྟར་འདོད་པ་མི་འཐད་པར་བཤད་པ་ཡིན་གྱི་སྤྱིར་དབུ་མ་པ་ལ་སྒྱུ་མ་རིགས་གྲུབ་པ་དང་རབ་ཏུ་མི་གནས་པའི་ཐ་སྙད་ཙམ་མི་འཐད་པར་བཞེད་པ་མིན་ཏེ། དེ་འདྲའི་ཐ་སྙད་ཙམ་ནི་སློབ་དཔོན་དཔའ་པོས་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་ལས་གསལ་བར་བཤད་པའི་ཕྱིར། ཞེས་མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོས་གསུངས་པ་ནི་ལེགས་སམ་སྙམ་སྟེ། འདི་དག་གི་རྒྱུ་མཚན་བཤད་པར་བྱ་བ་མང་དུ་ཡོད་ཀྱང་རེ་ཞིག་བཞག་གོ །
གཉིས་པ་ཞར་ལ་བྱུང་བའི་རྣམ་བཞག་བཤད་པ་ནི་འདིར་ཁ་ཅིག་ན་རེ། འོ་ན་དབུ་སེམས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་འདི་དག་གངས་ཅན་གྱི་ལྗོངས་སུ་ཡང་དབྱེ་བ་སྔར་བཤད་པ་འདི་ཙམ་དུ་ཟད་དམ་འོན་ཏེ་འདི་དག་ལས་གཞན་དབྱེ་བའི་རྣམ་བཞག་མང་དུ་ཡོད། དང་པོ་ལྟར་ན་མི་འཐད་དེ།གངས་རིའི་ལྗོངས་སུ་གྲུབ་པའི་མཐའི་ཐ་སྙད་འདིར་མ་བཤད་པ་མང་དུ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་འཐད་དེ།འདི་དག་ལས་ཚུལ་གཞན་དུ་འཆད་ན་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བར་མི་རུང་ལ་ཚུལ་གཞན་མ་ཡིན་ན་ནི་གྲུབ་མཐའི་ཐ་སྙད་གཞན་དུ་སྨྲ་བ་དོན་མེད་པའི་ཕྱིར་རོ་ཟེར་ན། འདི་ལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་བོད་ཀྱི་གྲུབ་པའི་མཐའ་ཐ་སྙད་མི་འདྲ་བ་མང་དུ་ཡོད་པ་རྣམས་ནི་བྱེ་བྲག་སྨྲ་བའི་སྡེ་བ་བཅོ་བརྒྱད་ལྟར་ཡུལ་གྱི་མིང་དང་སློབ་དཔོན་གྱི་མིང་ལས་བཏགས་པ་ཡང་སྣང་ལ། ཁ་ཅིག་ནི་རྒྱ་གར་གྱི་པཎ་གྲུབ་རེ་ལས་གདམས་པ་སྣ་རེ་ཞུས་ཤིང་དེ་ཉིད་གཙོ་བོར་ཉམས་སུ་ལེན་པ་ལ་གདམས་པ་དེའི་མིང་གིས་གྲུབ་མཐའ་ཟུར་བར་བཏགས་པ་ཡང་སྣང་བས་འཕགས་ཡུལ་གྱི་ཐེག་ཆེན་གྲུབ་མཐའ་སྨྲ་བ་ལྟར་ལྟ་བ་ཁོ་ནའི་སྒོ་ནས་གྲུབ་མཐའི་མིང་བཏགས་པའི་ངེས་པ་མི་སྣང་ངོ༌། །
དེ་ཡང་ངཔེར་བརྗོད་ན་ཡུལ་གྱི་སྒོ་ནས་མིང་བཏགས་པ་ས་སྐྱ་པ། འབྲི་ཁུང་པ་ཞེས་པ་ལྟ་བུ་ཤིན་ཏུ་མང་ཞིང༌། སློབ་དཔོན་གྱི་སྒོ་ནས་མིང་བཏགས་པ་ཀརྨ་པ་ཞེས་པ་ལྟ་བུ་དང༌། གདམས་པའི་སྒོ་ནས་མིང་བཏགས་པ་རྫོགས་ཆེན་པ། ཕྱག་ཆེན་པ་ཞེས་པ་ལྟ་བུའོ། །འོན་ཀྱང་འདིར་ནི་ལྟ་བ་ཁོ་ནའི་ཁྱད་པར་ལ་དཔྱོད་པའི་སྐབས་ཡིན་ཞིང་དེའི་དབང་དུ་བྱས་ན། བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་རྒྱལ་བའི་རིང་ལུགས་ཡོངས་སུ་རྫོགས་པའི་བཤད་སྒྲུབ་ཆེས་ཆེར་དར་བ་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་པར་འདུག་ལ་དེའི་ཚེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། སྔགས་འཆང་ངྷརྨ་ཀིརྟི་དང་།བི་མ་ལ་མི་ཏྲ་དང༌། སངས་རྒྱས་གསང་བ་ལ་སོགས་པ་རྒྱ་གར་པའི་པཎ་གྲུབ་དུ་མ་ཞིག་བྱོན་ཀྱང་དམ་པའི༌ཆོས་འདུལ་བ་ནས་བཟུང་སྟེ་དབུ་མའི་བར་གྱི་བཤད་པའི་ཁུར་བསྣམས་ཏེ་འཆད་ཉན་དར་བར་མཛད་པ་པོ་ནི་སློབ་དཔོན་ཆེན་པོ་ཞི་བ་འཚོ་ཡིན་པར་སྔོན་གྱི་ཡི་གེ་རྙིང་བ་དག་ལས་གསལ་བར་སྣང་ངོ་། །
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་རྣམས་དམ་ལ་བཏགས་ཤིང་རྒྱལ་པོ་ཡབ་སྲས་སོགས་སློབ་མ་ཉུང་འདུས་ལ་གསང་སྔགས་ཀྱི་དབང་དང་གདམས་པ་གནང་ཞིང་ངྷརྨ་ཀིརྟིས་ཀྱང་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་མཛད་སྣང་ངོ༌། །འོན་ཀྱང་དེ་དག་གིས་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་པ་སོགས་མཛད་པའི་གཏམ་མི་སྣང་ལ་སྔགས་ཕྱོགས་ཀྱང་དེ་དུས་བཀའ་ཤིན་ཏུ་དམ་པར་འདུག་པས་ཁྱབ་གདལ་ཆེ་བར་མ་མཛད་སྣང་ངོ༌། །ལྟ་སྤྱོད་ཀྱང་ལྷ་བཙན་པོའི་བཀའ་ལུང་གིས་ལྟ་བ་དང་སྤྱོད་པ་ནི་མཁན་པོ་བོ་ངྷི་ས་ཏྭའི་ལུགས་བཞིན་དུ་གྱིས་ཤིག་ཅེས་ཁྲིམས་བསྒྲགས་པར་བཤད་སྣང་ངོ༌། །
དེ་ལྟར་ན་མཁན་ཆེན་ཞི་བ་འཚོ་ནི་འཕགས་པ་ཀླུའི་རྗེས་འབྲང་གི་ཤིང་རྟ་ཆེན་པོ་རྩོད་མེད་ཡིན་པས་དེ་དུས་ཀྱི་ལྟ་བ་ནི་ཀླུ་སྒྲུབ་ལུགས་ཀྱི་ལྟ་བ་ལས་མ་འདས་སོ། །མཁན་སློབ་གཉིས་ཀའི་སློབ་མ་ལོ་ཚྩ་བ་ཆེན་པོ་ཡེ་ཤེས་སྡེའི་ལྟ་བའི་བརྗེད་བྱང་ལས་ཀྱང་ཀླུ་སྒྲུབ་ལུགས་གཙོ་བོར་མཛད་ཅིང་དེ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ཇི་ལྟ་བ་བཞིན་བྱས་སྣང་ངོ༌། །དེ་རྗེས་སློབ་དཔོན་ཕྱིར་ལོག་ཞིང་མཁན་ཆེན་འདས་པའི་རྗེས་སུ་རྒྱའི་མཁན་པོ་ཧྭ་ཤང་མ་ཧ་ཡ་ན་ཞེས་བྱ་བས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་གཅོ་བོར་སྟོན་པའི་བསྟན་བཅོས་མང་དུ་བརྩམས་ནས་རང་གི་ལུགས་སྤེལ་བས་རྒྱལ་པོའི་བཙུན་མོ་འབྲོ་ཟ་བྱང་ཆུབ་ལ་སོགས་པ་བོད་ཀྱི་མི་མང་པོ་ཞིག་དེའི་ཆོས་ལུགས་ལ་ཞུགས་པར་གྱུར་ཏོ། །
དེ་ནས་ལྷ་བཙན་པོས་ཐབས་ཀྱི་ཆ་ལ་སྐུར་བ་འདེབས་པའི་ལུགས་དེ་སྔར་གྱི་མཁན་པོའི་ལུགས་དང་མ་མཐུན་ཞིང་བོད་མང་པོ་དགེ་སྦྱོར་ལ་གཡེལ་བའི་རྐྱེན་གྱིས་ཆོས་ལུགས་རྣམ་དག་མིན་པར་གཟིགས་ནས་མཁན་པོའི་བཀའ་ཆེམས་ལྟར་སློབ་དཔོན་ཆེན་པོ་ཀ་མ་ལ་ཤྰི་ལ་སྤྱན་དྲངས་སོ། །སློབ་དཔོན་ཆེན་པོ་དེས་རྒྱའི་མཁན་པོ་ལུང་དང་རིགས་པའི་སྒོ་ནས་ལེགས་པར་ཚར་བཅད། དབུ་མའི་སྒོམ་རིམ་གསུམ་ལ་སོགས་སོ་སོར་རྟོག་པའི་ཤེས་རབ་ལ་བསྔགས་པའི་བསྟན་བཅོས་མང་དུ་བརྩམས་ཏེ་འཆད་ཉན་གྱིས་ལུགས་དྲི་མ་མེད་པ་དར་བར་མཛད། དེའི་ཚེ་ཡང་རྒྱལ་པོས་ད་ཕྱིན་ཆད་ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལྟར་བྱ་དགོས་ཤིང་ཧྭ་ཤང་གི་ལུགས་ལྟར་བྱེད་པ་ལ་ཆད་པས་གཅོད་དོ་ཞེས་དྲིལ་བསྒྲགས་པར་སྣང་ངོ༌། །དེའི་ཕྱིར་བསྟན་པ་སྔ་དར་ལ་སེམས་ཙམ་པའི་ལུགས་འཛིན་པའི་པཎྚི་ཏ་འགའ་ཞིག་ཀྱང་བྱོན་མོད་ཀྱང་གཙོ་བོ་ནི་ཞི་བ་འཚོ་དང་ཀ་མ་ལ་ཤྰི་ལའི་ལུགས་ཡིན་པས་དབུ་མ་རང་རྒྱུད་པའི་ལྟ་བ་ཉིད་དར་སོ་ཤིན་ཏུ་ཆེ་བར་སྣང་ངོ༌། །བསྟན་པ་ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོས་པཎ་གྲུབ་དུ་མ་བསྟེན། སྔགས་མཚན་ཉིད་ཀྱི་ཆོས་སྐོར་མང་དུ་སྦྱངས།བཀའ་བསྟན་བཅོས་ཀྱི་འགྱུར་མང་དུ་མཛད་དེ་འཆད་ཉན་གྱིས་གཏན་ལ་ཕབ་ཤིང་ལྟ་བ་ནི་རབ་ཏུ་མི་གནས་པའི་དབུ་མ་ཡིན་པར་བཤད་དོ། །ལོ་ཆེན་འདིས་ཀླུ་དཀར་རྒྱལ་བཏུལ། སྔགས་ཀྱི་ལོག་སྤྱོད་པ་རྣམས་ཚར་བཅད་དེ་བསྟན་པ་རྣམ་པར་དག་པས་ཁ་བ་རི་པ་རྣམས་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། ། 30/36 མདུན་ངོས། 上一页 28 29 30 31 32 33 下一页 尾页 |