ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་དེ་ལས་བྱུང་བའི་གྲུབ་མཐའི་རྣམ་བཞག་བཤད་པ་ལ། སྒྲ་བཤད།  དབྱེ་བ།    མཚན་ཉིད།  འདོད་ཚུལ་བཞི་ལས།  དང་པོ་ནི། སློབ་དཔོན་ལེགས་ལྡན་གྱིས་མཐའ་གཉིས་རྣམ་པར་སྤངས་པའི་དབུས་དང་འདྲ་བས་ན་དབུ་མ་སྟེ། དབུས་ཉིད་དབུ་མའོ་ཞེས་རང་གི་དོན་དེ་ལ་ཕན་པ་བརྗོད་པའོ་ཞེས་གསུངས་པ་ལྟར། ཡོད་པ་དང་མེད་པའི་མཐའ་གཉིས་སྤངས་པའི་དབུས་ནི་དབུ་མ་དང༌།   དེ་བརྗོད་པར་བྱེད་པའི་དོན་གྱིས་ན་དབུ་མའི་བསྟན་བཅོས་དང༌། དབུ་མའི་གྲུབ་མཐའ་དང༌། དབུ་མའི་གྲུབ་མཐའ་སྨྲ་བ་པོའི་གང་ཟག་རྣམས་ལ་ཡང་དབུ་མ་ཞེས་པའི་མིང་འཐོབ་སྟེ། སློབ་དཔོན་དེ་ཉིད་ཀྱིས་དབུ་མའི་ལམ་དུ་སྟོན་པར་བྱེད་ཅིང་སྒྲོགས་པར་བྱེད་པས་ན་ཀ་ཞེས་བྱ་སྟེ།   སྐད་ཀྱི་བྱིངས་ཀྱི་སྒྲ་ལ་བསྟན་བཅོས་བྱ་བའམ་དབུ་མ་ཞེས་བྱ་བའི་མིང་གང་ལ་ཡོད་པ་དེ་ནི་དབུ་མ་སྟེ། ཡང་ན་ཀ་ཞེས་བྱ་བའི་མིང་གིས་བརྗོད་པ་ཡིན་པས་དབུ་མ་ཞེས་བྱ་བ་སྟེ།དབུ་མའི་གྲུབ་པའི་མཐའོ།  །ཞེས་གསུངས་སོ།    །
གཉིས་པ་དབྱེ་བ་ལ་གཉིས། དངོས་དང༌། ཞར་ལ་བྱུང་བའི་རྣམ་བཞག་གོ། །དང་པོ་ནི། ཀླུའི་ཞབས་ཀྱི་སློབ་མ་རྣམས་ཀྱི་ནང་ནས་འཕགས་པ་ལྷ་ནི་སངས་རྒྱས་བསྐྱངས་ལ་སོགས་པ་གཞན་རྣམས་ཀྱིས་་ཀྱང་སློབ་དཔོན་ཉིད་དང་འདྲ་བར་ཚད་མར་འཛིན་པས་ཡབ་སྲས་དེ་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་དང་གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་སྔ་མ་རྣམས་ཀྱིས་ཐ་སྙད་མཛད་དེ། རྗེ་ཡབ་སྲས་ཀྱིས་ཀྱང་འཐད་པར་བཞེད་དོ།   །དེ་ལ་ཕྱི་མོ་པ་དང་ཕྱོགས་འཛིན་པའི་ཐ་སྙད་བྱེད་པའི་རྒྱུ་མཚན་ནི་ཡབ་སྲས་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་པའི་ལུགས་སུ་གནས་ཀྱང་གཞུང་གི་བསྟན་ཚོད་ལ་ཐ་སྙད་དུ་དངོས་པོ་ལ་རང་མཚན་ཞལ་གྱིས་བཞེས་མི་བཞེས་དང༌། ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་མི་བཞེས་དང༌། གཞན་གྲགས་ཙམ་གྱི་སྒོ་ནས་ཕྱི་རྒོལ་ལ་རྗེས་དཔག་བསྐྱེད་དུ་རུང་མི་རུང་སོགས་ཀྱི་རྣམ་བཞག་གསལ་བར་ཕྱེ་བ་མེད་པས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་ན་ཕྱི་མོ་ཞེས་ཟེར་རོ། །བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་འགོག་ཚུལ་ཅུང་ཟད་བྱུང་མོད་ཀྱང་རང་ལུགས་ལ་ཕྱི་དོན་ཁས་ལེན་མི་ལེན་ཞིབ་ཏུ་བཤད་པ་མེད་དོ། །                   
སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་འགྲེལ་པ་བུངྔྷ་པ་ལི་ཏར་རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་དོ།   །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་ལ་སྐྱོན་མང་དུ་བཟུང་ནས་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་དེ།   རང་རྒྱུད་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་ནི་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་ཁས་ལེན་མི་རིགས་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་དབུ་མ་ཐལ་འགྱུར་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ།   །དེའི་ཕྱིར་འདི་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་གྲག་གོ།       །
དེ་ལྟར་ན་སྟོང་ཐུན་ཆེན་མོ་ལས་དེའི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་འགྲེལ་བ་མཛད་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ཞིང་ཞེས་གསུངས་པའི་དོན་དུ་ བསམས་ནས་སངས་རྒྱས་བསྐྱངས་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་དུ་རང་རེའི་མཁས་པ་ཁ་ཅིག་བཞེད་མོད། དེ་ནི་རྗེ་བདག་ཉིད་ཆེན་པོའི་དགོངས་པར་མ་སོན་ཏེ།   སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པར་ཐལ་འགྱུར་ཙམ་གྱི་སྒོ་ནས་གཞུང་དོན་འགྲེལ་བར་མཛད་མོད་ཀྱང་དེ་ཙམ་གྱིས་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་དུ་མི་རུང་བའི་ཕྱིར། དེ་ཡང་ཡིན་ཏེ། ལུགས་དེ་དང་དེའི་ཤིང་ཏོའི་སྲོལ་འབྱེད་དུ་འཇོག་པ་ལ་ལུགས་དེ་འཐད་པའི་སྒྲུབ་བྱེད་དང་དེ་ལས་གཞན་དུ་དྲང་དུ་མི་རུང་བའི་རྒྱུ་མཚན་གསལ་བར་གཏན་ལ་ཕབ་པ་གཅིག་དགོས་པའི་ཕྱིར།
སྤྱིར་གྱིས་ཤིང་རྟའི་སྲོལ་འབྱེད་ངོས་འཛིན་པའི་སྐབས་སུ་ལེགས་བཤད་སྙིང་པོ་ལས་དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང༌། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱིས་རིགས་པས་ལེགས་པར་གཏན་ལ་ཕབ་པ་གཅིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས་ཞེས་གསུངས་པའི་ཕྱིར་དང་། ཚུལ་དེ་འདིར་ཡང་འདྲ་བའི་ཕྱིར་རོ།   །དེ་བཞིན་དུ་རྣམ་བཤད་སྙིང་པོ་རྒྱན་དང་སྟོང་ཐུན་ཆེན་མོ་ལས་ཀྱང་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་དེ་ལྟར་བཤད་དེ། མངས་ཀྱིས་དོགས་ནས་མ་བྲིས་སོ།   །དེ་ལྟར་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ངོས་ཟིན་ན་རྗེ་བཙུན་བྱམས་པ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པ་དང༌། མགོན་པོ་ཀླུ་སྒྲུབ་ཁོ་ན་ངབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་ཡང་ཤེས་པར་སླའོ།   །
གཞན་ཡང་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ན་ལེགས་ལྡན་འབྱེད་ཀྱིས་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་རང་རྒྱུད་པ་ཡིན་པ་ལ་ཁྱད་པར་མེད་པར་བཞེད་པའི་རྒྱུ་མཚན་ཅི་ཡང་མེད་པར་འགྱུར་རོ། །ལེགས་ལྡན་གྱིས་དེ་ལྟར་བཞེད་པར་ཅིས་མངོན་ཞེ་ན། འདི་ནི་རྗེ་བདག་ཉིད་ཆེན་པོས་གསལ་བར་བཤད་དེ། །ལེགས་བཤད་སྙིང་པོ་ལས་ལེགས་ལྡན་ལ་ཡང་སངས་རྒྱས་བསྐྱངས་དང་རང་ཉིད་རང་རྒྱུད་ཁས་ལེན་མི་མཐུན་སྙམ་པ་མི་འདུག་གི་རང་རྒྱུད་ཁས་ལེན་པ་འོས་མེད་དུ་བྱས་པའི་ལུགས་སུ་སྣང་ངོ༌།  །དེའི་གནད་ཀྱིས་ཀྱང་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་ལ་ཆོས་དང་གང་ཟག་ལ་རང་བཞིན་འགོག་པའི་དགག་བྱ་ལ་ཡང་ཁྱད་པར་ཡོད་པར་མི་བཞེད་དོ།  །ཞེས་གསུངས་པའི་ཕྱིར། དེས་ན་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་དེ་རང་རྒྱུད་པ་ཡིན་ནོ་ཞེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཞེད་དོ་ཞེས་སྨྲ་བ་ལས་འབྲེལ་མེད་པ་ཅི་ཞིག་སྨྲར་ཡོད། ཐལ་འགྱུར་པའི་སྲོལ་འབྱེད་ཟླ་བའི་ཞབས་ཡིན་པ་ནི་རྗེ་བདག་ཉིད་ཆེན་པོས། ཚིག་གསལ་ལས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་བཟློག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་ནས་ཤིང་རྟའི་སྲོལ་ཕྱེ་ལ་ཞེས་པས་གསལ་བར་གསུངས་སོ།   །
དེ་ལ་ཡང་ཁ་ཅིག་ལུང་དེའི་དོན་གནོད་བྱེད་སྟོན་མཁན་ཟླ་གྲགས་ཡིན་ལ་སྲོལ་འབྱེད་མཁན་སངས་རྒྱས་བསྐྱངས་ཡིན་པར་བཤད་པ་ཡིན་ནོ། །ཞེས་ཟེར་བ་ནི་ཆེས་འབྲེལ་མེད་པར་བློ་གྲོས་དང་ལྡན་ན་གོ་བར་སླའོ། །འོ་ན་སྟོང་ཐུན་ལས་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་བ་མཛད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བར་གསུངས་པའི་དོན་ཅི་ཡིན་ཞེ་ན། དེ་ནི་སྔར་བཤད་པ་ལྟར་གཞུང་གི་དོན་འཆད་པ་ན་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པར་ཐལ་འགྱུར་ཙམ་གྱི་སྒོ་ནས་གཞུང་དོན་བཀྲལ་བ་ལ་བྱ་ཡི་ཐལ་འགྱུར་པའི་ཤིང་རྟའི་བསྲོལ་འབྱེད་དུ་བཤད་པ་མིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་སྔོན་དུ་དབུ་མའི་ལྟ་བ་འཛིན་པའི་རྒྱལ་པོ་ཨིནྡྲ་བོ་ངྷི་དང་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པ་བྱོན་ཅིང་དེ་དག་གིས་ལྟ་བ་མཐར་ཐུག་སྟོན་པའི་གཞུང་མཛད་ནའང་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པ་དང། ལེགས་ལྡན་འབྱེད་ཀྱི་སྔོན་དུ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་པའི་སློབ་དཔོན་དྰེ་བ་ཤྲ་མ་དང༌། སློབ་དཔོན་ཞི་བ་འཚོའི་སྔོན་དུ་འཕགས་པ་གྲོལ་སྡེ་ལ་སོགས་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་པའི་སློབ་དཔོན་བྱོན་ཅིང་དེ་དག་གིས་གཞུང་མཛད་ནའང་དེ་དག་ལུགས་དེ་དང་དེའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ལེགས་པར་སོམས་ཤིག   །མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པས་ཀྱང་སྔ་མ་རྣམས་ཀྱི་གསུང་དང་བསྟུན་པའི་བཤད་པ་ཕྱོགས་གཞན་དུ་མཛད་མོད་ཀྱང་རང་གི་དགོངས་པ་ནི་ཟླ་བ་གྲགས་པ་ཉིད་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་དུ་བཞེད་པར་ངེས་ཏེ། གྲུབ་མཐའི་རྩ་བར།   ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས།  །ཞེས་དང༌། འགྲེལ་བས་ཀྱང༌། ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་ལུགས་དཔལ་ལྡན་ཟླ་བ་ཁོ་ནས་གསལ་བར་ཕྱེ་བར་བཤད་པའི་ཕྱིར་རོ། ། དཔལ་ལྡན་དཔའ་བོ་དང༌།   ཀླུའི་བྱང་ཆུབ་སོགས་ཀྱང་དབུ་མར་ཐལ་འགྱུར་བར་གསལ་ཏེ། དཔའ་བོའི་དོན་དམ་བྱང་ཆུབ་སེམས་བསྒོམ་དང༌། ཀླུ་བྱང་གི་རྣམ་བཞག་རིམ་པ་སོགས་ཀྱིས་ཤེས་སོ། །རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་ཟླ་བའི་ཞབས་དང་མཐུན་པར་རྗེ་བདག་ཉིད་ཆེན་པོས་བཞེད་དོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号