བདག་ཉིད་ཆེན་པོ་འདིས་རིག་པའི་གནས་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་སྟོན་པའི་བསྟན་བཅོས་མང་དུ་མཛད་ཅིང༌། གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་ལ་སོགས་པ་དང༌། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་དང་ཤེས་རབ་བརྒྱ་པ། གཞན་ཡང་རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་གྱི་གདམས་པ་སོགས་བོད་དུ་འགྱུར་སྣང་ངོ༌། །ནང་རིག་པ་ལ་ས་ལུ༌ལྗང་བའི་མདོ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་སོགས་མདོའི་འགྲེལ་བ་ཡང་དུ་མ་ཞིག་སྣང་ཞིང༌། ཁྱད་པར་དུ་ཟབ་མོ་དབུ་མའི་ལམ་ངེས་པའི་དོན་མཐར་ཐུག་པ་ལུང་གིས་བསྒྲུབ་པ་ལ་མདོ་ཀུན་ལས་བཏུས་པ་དང༌། རིགས་པས་བསྒྲུབ་པ་ལ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་འཕྲེང་བ་སྟེ་དྲུག་གོ །རྩཤེས་ལ་རྒྱ་གར་ན་འགྲེལ་བ་བརྒྱད་ཡོད་པར་གྲགས་ཀྱང་བོད་དུ་འགྱུར་བ་ནི་ག་ལས་འཇིགས་མེད། སངས་རྒྱས་བསྐྱངས་ཀྱི་འགྲེལ་བ། ལེགས་ལྡན་འབྱེད་ཀྱི་འགྲེལ་བ་ཤེས་རབ་སྒྲོན་མེ། ཟླ་བའི་ཞབས་ཀྱི་འགྲེལ་བ་ཚིག་གསལ་བཞི་དང༌། ཤེས་རབ་སྒྲོན་མེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་རྣམས་སོ། །ག་ལས་འཇིགས་མེད་རང་འགྲེལ་དུ་འདོད་པ་ནི་མི་འཐད་པར་རྗེ་བདག་ཉིད་ཆེན་པོས་བཞེད་དོ། །སྟོང་ཉིད་བདུན་ཅུ་པ་དང་རྩོད་བཟློག་དང་ཞིབ་མོ་རྣམ་འཐག་གསུམ་ལ་རང་འགྲེལ་ཡོད་ཅིང༌། རིགས་པ་དྲུག་ཅུ་པའི་འགྲེལ་བ་ཟླ་བའི་ཞབས་ཀྱིས་མཛད་པ་དང༌། སྟོང་ཉིད་བདུན་ཅུ་པའི་འགྲེལ་བ་པནྚི་ཏ་གཞན་ལ་ཕན་པ་བཟང་པོས་མཛད་པ་ཡོད་དོ། །གཞན་ཡང་སློབ་དཔོན་ཆེན་པོ་འདིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ནི་སྔ་མ་མང་པོས་ཕར་ཕྱིན་གྱི་གདམས་ངག་ཏུ་འདོད་ཀྱང་རྗེ་ཡབ་སྲས་ཀྱིས་གསང་བ་འདུས་པའི་གཞུང་གི་ལེ་ལག་ཏུ་བཞེད་དོ། །རིམ་པ་ལྔ་པ་ལ་སོགས་པ་གསང་སྔགས་ཀྱི་གཞུང་ཀྱང་མང་མོད་ཀྱི་འདིར་མ་སྤྲོས་་སོ། །བདག་ཉིད་ཆེན་པོ་འདིའི་རྗེས་འབྲངས་ལ་སློབ་དཔོན་འཕགས་པ་ལྷས་ནི་དབུ་མའི་སྐོར་ལ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། འཁྲུལ་བ་བཟློག་པའི་གཏན་ཚིགས་བསྒྲུབ་པ། དབུ་མ་ལག་པའི་ཚད་སོགས་ཐོར་བུ་འགའ་ཡང་ཡོད་མོད་ཀྱི་བརྗོད་བྱ་ཡོངས་སུ་རྫོགས་པ་ནི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ཡིན་ལ། འདི་ལ་ཟླ་བའི་ཞབས་ཀྱི་འགྲེལ་བ་ཡང་ཡོད་དོ། །སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་བ་ནི་བཤད་ཟིན་ལ། བསྟན་བཅོས་མང་དུ་མཛད་པར་གྲགས་ནའང་གཞན་རྣམས་ནི་བོད་དུ་མ་འགྱུར་སྣང་ངོ། །ལེགས་ལྡན་འབྱེད་ཀྱིས་རང་རྐང་དུ་བརྩམས་པ་ནི་དབུ་མ་སྙིང་པོ་དང་དེའི་རང་འགྲེལ་རྟོག་གེ་འབར་བ་གཉིས་ཏེ། འདི་ལས་ཕྱི་པ་དང་ནང་པའི་གྲུབ་མཐའི་ཁྱད་པར་དུ་མ་ཞིག་འབྱུང་ཞིང་དབུ་མ་པའི་ལྟ་སྒོམ་སྤྱོད་པའི་གནད་འགག་རྒྱས་པར་འབྱུང་བས་མཉམ་མེད་ཇོ་བོ་ཆེན་པོས་ཀྱང་རྒྱ་གར་དང་བོད་དུ་རྟོག་གེ་འབར་བའི་བཤད་པ་ལན་དུ་མར་མཛད་འདུག་གོ། །དབུ་མ་རིན་ཆེན་སྒྲོན་མ་ནི་ལེགས་་ལྡན་ཆུང་བར་གྲགས་པས་མཛད་པ་ཡིན་གྱི་སློབ་དཔོན་འདིས་མཛད་པ་མིན་ནོ། །
སློབ་དཔོན་ཆེན་པོ་ཟླ་པ་གྲགས་པས་ནི་རང་རྐང་དུ་བརྩམས་པ་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་སྟེ་ལེགས་བཤད་ཕུལ་དུ་བྱུང་བར་གྲགས་ཆེའོ། །སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་རང་འགྲེལ་དང་བཅས་པ་མཛད་ཅིང་འདིའི་འགྲེལ་བཤད་ཞི་བ་འཚོས་མཛད་པར་གྲགས་པ་ནི་ཁ་གཡར་རོ། སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་མཛད། འདི་ལ་རང་འགྲེལ་དུ་གྲགས་པ་ནི་ཚིགས་བཅད་ལྷུགས་གཉིས་སྤེལ་མར་བྱས་པའི་དབུ་མ་རྒྱན་གྱི་བསྟན་བཅོས་དངོས་ཡིན་ལ།རྩ་བར་གྲགས་པ་ནི་དེའི་ནང་གི་ཚིགས་བཅད་ལོགས་སུ་བཀོལ་བ་ཡིན་གྱི་རྩ་བ་སྔོན་དུ་མཛད་ནས་འགྲེལ་བས་ཕྱིས་བཀྲལ་བའི་བསྟན་བཅོས་གཉིས་མ་ཡིན་ནོ། །ཞེས་རྗེ་ཐམས་ཅད་མཁྱེན་པས་གསུང་ངོ༌། །འདིའི་དཀའ་འགྲེལ་ཀ་མ་ལ་ཤྰི་ལས་མཛད་པར་གྲགས་པ་ནི་རྫུན་མ་ཡིན་པར་མཁས་གྲུབ་རྗེས་གསུང་ངོ་། །དཀའ་འགྲེལ་འདི་ལ་མི་འཐད་པའི་ཆ་འགའ་ཞིག་ཡོད་ཀྱང་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་སློབ་དཔོན་ཀ་མ་ལ་ཤྰི་ལའི་ཡིན་པར་བཞེད་པས་སློབ་དཔོན་ཐུགས་མ་རྫོགས་པའི་སྐབས་ཞིག་ཏུ་མཛད་པ་ཡིན་ནམ་བརྟག་པར་བྱའོ་ཞེས་རྗེ་རིན་པོ་ཆེའི་དབུ་མ་རྒྱན་གྱི་ཟིན་བྲིས་ལས་གསུངས་སོ། །དབུ་མ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་ཡོད་དོ། །སློབ་དཔོན་ཀ་མ་ལ་ཤྰི་ལས་དབུ་མ་སྣང་བ་མཛད་ཅིང་འདི་ལས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་རྣམས་ཤིན་ཏུ་གསལ་བར་མཛད་ལ། རིགས་པའི་གནད་ཤིན་ཏུ་ཕྲ་ཞིང་རྗེ་བདག་ཉིད་ཆེན་པོས་ཀྱང་ཐུགས་གཙིགས་ཆེ་བར་མཛད་དོ། །དབུ་མ་རྒྱན་དང་དབུ་མ་བདེན་གཉིས་དང་དབུ་མ་སྣང་བ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲག་གོ། །
གཞན་ཡང་སློབ་དཔོན་འདི་དག་གིས་མཛད་པའི་སྔགས་ཀྱི་བསྟན་བཅོས་རྣམས་སུ་ཡང་ལྟ་བ་གཏན་ལ་འབེབས་པའི་རིགས་པ་ཐོར་བུ་ཐོར་བུར་བཤད་པ་དུ་མ་ཡོད་ཀྱང་འདིར་མ་སྨོས་སོ། །སློབ་དཔོན་ཆེན་པོ་ཞི་བ་ལྷའི་བསླབ་བཏུས་དང་སྤྱོད་འཇུག་གཉིས་ཀྱང་དབུ་མ་པའི་གཞུང་ཁྱད་པར་དུ་འཕགས་པའོ། །སློབ་དཔོན་དཔའ་བོ་དང༌། ཀླུའི་བྱང་ཆུབ་དང༌། འཕགས་པ་གྲོལ་སྡེ་དང༌། སེང་གེ་བཟང་པོ་དང༌། སངས་རྒྱས་ཡེ་ཤེས་ཞབས་དང༌། ཨ་བྷ་ཡ་ཀ་ར་རྣམས་ཀྱི་གཞུང་ལུགས་རྣམས་ཀྱང་དབུ་མ་པའི་ཕྱོགས་སུའདུའོ། །གྲུབ་པའི་དབང་ཕྱུག་ལུ་ཧི་བ། དྲིལ་བུ་པ། ནག་པོ་སྤྱོད་པ། ནཱ་རོ་པ། མངའ་བདག་མེ་ཏྲི་པ་ལ་སོགས་པ་གྲུབ་པའི་སྐྱེ་བོ་ཕལ་མོ་ཆེ་ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པ་ཁོ་ན་ཡིན་ནོ། །འདི་དག་ཐལ་རང་གང་ཡིན་པ་ནི་འོག་ཏུ་ཅུང་ཟད་འཆད་དོ། །འདི་དག་མདོ་ཙམ་སྟེ་མཐའ་དག་པར་ནི་གཞན་ལས་ཤེས་པར་བྱའོ། ། 28/36 མདུན་ངོས། 上一页 26 27 28 29 30 31 下一页 尾页 |