ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཟ་དང་ཕྱིར།   །བསམ་གཉིས་ཐོབ་ཕྱིར་སྤྲུལ་བའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད།   །ཅེས་དང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་རྗེས་སུ་བཟུང་པའི་ཕྱིར།   །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི།   །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་སོ།   །རྒྱས་པར་ནི་མདོ་སྡེ་རྒྱན་གྱི་འྭགྲེལ་པ་དང་ཐེག་བསྡུས་དང་ས་སྡེ་དང་དབུ་མ་སྣང་བའི་སེམས་ཙམ་པའི་སྐབས་རྣམས་སུ་བལྟའོ།       །
རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ནི་དྲི་མ་རྣམས་ནི་རྒྱུ་ཡོད་པས་ན་རྟག་པ་མ་ཡིན་པའི་ཕྱིར་དང་།རྒྱུའི་གཉེན་པོ་གོམས་པས་ཟད་པར་འགྱུར་བའི་ཕྱིར་དང༌།   རྒྱུའི་རང་བཞིན་ཤེས་པ་ཡོད་པའི་ཕྱིར་དང༌། དེ་ཡོད་པས་དེའི་གཉེན་པོ་ཤེས་པ་ཡང་ཡོད་པར་གྲུབ་པའི་ཕྱིར་ཞེས་སོགས་ཀྱི་རིགས་པའི་སྒོ་ནས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བཞེད་དེ། རྣམ་འགྲེལ་ལས། རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི།   །གཉེན་པོ་གོམས་པས་ཟད་ཕྱིར་དང༌། །རྒྱུ་ཡི་རང་བཞིན་ཤེས་པའི་ཕྱིར། །དེ་ཤེས་པ་ནི་གྲུབ་པ་ཡིན། ། ཞེས་སོགས་ཀྱིས་གསུངས་པ་ལྟར་རོ། །
སངས་རྒྱས་ཀྱི་སྐུའི་རྣམ་བཞག་ནི། ཆོས་གཟུགས་ཀྱི་སྐུ་གཉིས་དང༌། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དུ་འདོད་པ་སོགས་དབུ་མ་པ་དང་འདྲའོ། །ཡེ་ཤེས་ལྔ་ལ་ཆོས་དབྱིངས་ཡེ་ཤེས་ནི་ངོ་བོ་ཉིད་སྐུ་ལ་འདོད་ཅིང་མེ་ལོང་ཡེ་ཤེས་སོགས་གཞན་བཞི་ལ་ཡེ་ཤེས་ཀྱི་སྐུ་ཞེས་བཤད་དོ།   །བཙུན་པ་ཟླ་བས་ནི་ཀུན་གཞི་གནས་གྱུར་པ་ཆོས་སྐུ་དང༌། ཉོན་ཡིད་གནས་གྱུར་པ་ལོངས་སྐུ་དང༌། སྒོ་ལྔའི་དབང་ཤེས་གནས་གྱུར་པ་སྤྲུལ་སྐུ་ལ་བཞེད་ལ། དེ་ཡང་མེ་ལོང་ཡེ་ཤེས་དང་ཆོས་དབྱིངས་ཡེ་ཤེས་གཉིས་ཆོས་སྐུ་དང༌།    མཉམ་ཉིད་ཡེ་ཤེས་དང་སོར་རྟོག་ཡེ་ཤེས་གཉིས་ལོངས་སྐུ་དང༌། བྱ་སྒྲུབ་ཡེ་ཤེས་སྤྲུལ་སྐུར་བཤད་དོ།   །ཐེག་བསྡུས་ལས་ནི། ངོ་བོ་ཉིད་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་དང༌།    སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པས་རབ་ཏུ་ཕྱེ་བ་དང་ཆོས་ཀྱི་སྐུ་ལ་བརྟེན་པ་ནི་ལོངས་སྐུ་དང༌།   ཆོས་ཀྱི་སྐུ་ལ་བརྟེན་ནས་མཛད་པ་བཅུ་གཉིས་བསྟན་པ་ནི་སྤྲུལ་པའི་སྐུར་བཤད་དོ།  །དེ་བཞིན་གཤེགས་པའི་ཡོན་ཏན་ལ་བྱང་ཆུབ་སེམས་དཔའི་ས་ལས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་དང་བཞི་བཅུར་བསྡུས་ནས་བཤད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། ཡོངས་སུ་དག་པ་བཞི་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེར་བཞག་གསུམ་དང༌། བསྲུང་བ་མེད་པ་གསུམ་དང༌།ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང༌། མཆོག་གི་ཡེ་ཤེས་སོ།  །ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མཚན་སོ་གཉིས་ཀྱིས་བརྒྱན་པས་སྐུ་དམ་པ་དང༌།   བདག་གཞན་མཐའ་དག་ལ་ཕན་པ་་དང་ཐུགས་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་པས་བསྒྲུབ་པ་དམ་པ་དང༌།    གོང་ན་མེད་པའི་ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་ཕུན་་སུམ་ཚོགས་པ་དམ་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་གོང་ན་མེད་པ་དང་ལྡན་པས་ཡེ་ཤེས་དམ་པ་དང༌། མངོན་པར་ཤེས་པ་དྲུག་གོང་ན་མེད་པ་དང་ལྡན་པས་མཐུ་དམ་པ་དང༌།   སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྤངས་པས་སྤངས་པ་དམ་པ་དང་།    གོང་ན་མེད་པའི་འཕགས་པའི་གནས་པ་དང་ལྷ་དང་ཚངས་པའི་གནས་པས་གནས་པས་ན་གནས་པ་དམ་པ་སྟེ་དམ་པ་བདུན་དང་ལྡན་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ།  །འདི་དག་ཀྱང་མདོ་ཙམ་སྟེ་རྒྱས་པར་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལས་ཤེས་པར་བྱའོ།      །
འདིར་སྨྲས་པ། འགྲོ་བའི་འདྲེན་པ་ཐུབ་པའི་དབང་པོ་ཡིས། །གང་གིས་རང་གི་དགོངས་པ་ཇི་བཞིན་དུ།   །འགྲེལ་བར་ལུང་བསྟན་འཕགས་པ་ཐོགས་མེད་ཀྱིས།   །རྣམ་རིག་ཙམ་གྱི་ཤིང་རྟའི་སྲོལ་ཆེན་ཕྱེ།   །དེས་ནི་འཕགས་ཡུལ་མཁས་པ་དུ་མ་ཡིས།   །རྒྱལ་བའི་དགོངས་དོན་ཟབ་མོའི་ཡིད་བཞིན་ནོར།   །ལེགས་པར་བླངས་ཏེ་འཆད་རྩོད་རྩོམ་གསུམ་གྱིས། །ཐུབ་བསྟན་ཉིན་མོ་བཞིན་དུ་གསལ་བར་མཛད། ། གང་ཚེ་གངས་རིའི་ལྗོངས་སུ་ཐུབ་པའི་ལུགས། །སྒྲ་བསྒྱུར་ཆེན་པོ་རྣམས་ཀྱིས་གདན་དྲངས་པ།    །དེ་ཚེ་གངས་ཅན་སྐལ་ལྡན་སྐྱེ་བོའི་ཚོགས། །ལུགས་འདི་འཛིན་ཅིང་སྤེལ་བའི་དགའ་བ་བཟུང༌། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་མཐུ།  །ཡོངས་སུ་རྫོགས་པའི་འཇམ་དཔལ་སྙིང་པོ་ཡིས། །ཤིང་རྟ་ཆེན་པོའི་གཞུང་ལུགས་མ་ལུས་པ། །མ་ནོར་གསལ་བར་སྟོན་པའི་བཀའ་་དྲིན་མཛད།   །ད་ནི་དུས་ཀྱི་འགྱུར་པའི་མཐུ་བརྟས་པས། །སྐྱེ་བོ་ཕལ་ཆེར་བློ་གྲོས་ནུས་པ་ཞན། །དོན་གཉེར་ལྡན་པའང་ཕྱོགས་ལྷུང་དབང་གྱུར་པས།  །ལུགས་བཟང་འདི་དག་ནུབ་ལ་མངོན་པར་ཕྱོགས། །འགའ་ཞིག་ཕོ་ཚོད་ངག་གིས་གཞན་དག་འབྲིད། །ལ་ལ་རྨོངས་ཞེན་ཁོ་ནས་གནད་དོན་བསྒྲིབ། །གཞན་དག་གཞུང་ལ་ངལ་བ་མང་བྱས་ཀྱང༌། །དབུ་སེམས་ཁྱད་པར་མ་ཕྱེད་ཕན་ཚུན་བསྲེས།   །ཁ་ཅིག་བློ་གྲོས་དམན་པས་གཞུང་ཆེན་པོའི།   །རང་ལུགས་ཕྱོགས་སྔའི་ཁྱད་པར་མ་ཕྱེད་ཅིང༌། །ཕལ་ཆེར་ཅི་ཡིན་རང་ལ་གཏོལ་མེད་ཀྱང༌། །ཟེར་སྒྲོས་ཁ་ཏོན་བྱང་ལ་སྙིང་པོར་འཛིན།   །དེ་ལྟར་མཁས་གྲུབ་བྱེ་བའི་གཤེགས་བཤུལ་འདི། །ཚོང་འདུས་འོ་མ་བཞིན་དུ་བསླད་གྱུར་ཀྱང༌། །དམ་པ་ཕལ་ཆེར་་སྒྲུར་པ་ཁོ་ནར་གཞོལ། །ཁ་ཅིག་ཤེས་ཀྱང་གཞན་གྱིས་སྨད་ཀྱིས་དོགས།   །ལ་ལས་དཔྱོད་གནས་མིན་པར་བཏང་སྙོམས་འཇོག །དེ་ཕྱིར་ཕྲ་བའི་གནས་རྣམས་ཇི་བཞིན་དུ།   །མ་འདྲེས་གསལ་བར་སྟོན་པའི་ལེགས་བཤད་ནི།   །དེང་དུས་ཇི་བཞིན་སྒྲོགས་པའི་སྐབས་མ་མཆིས།  །ཁོ་བོ་བློ་དང་བརྩོན་པ་ཤིན་ཏུ་དམན། །བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཅི་ཡང་མེད།   །བདག་འདྲའི་བཤད་པས་སྐྱེ་བོ་གཞན་དག་ལ། །ཕན་དུ་རེ་བའི་བསམ་པའང་མ་མཆིས་མོད། །འོན་ཀྱང་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ། །རང་བློ་གོམས་པའི་བག་ཆགས་མཐུ་བརྟས་ཕྱིར། །མི་ཕམ་མགོན་པོ་ཐོགས་མེད་དབྱིག་གཉེན་དང༌། །ཕྱོགས་གླང་ཆོས་གྲགས་བློ་བརྟན་དུལ་ལྷ་སོགས། ། རྗེས་འབྲངས་བཅས་པའི་རྣམ་རིག་གཞུང་མང་དང༌།   །བློ་བཟང་རྒྱལ་བའི་དབང་པོ་སྲས་བཅས་ཀྱི། །ལེགས་བཤད་ཡན་ལག་བརྒྱད་ལྡན་མ་དྲོས་མཚོར། །ཡང་ཡང་སེམས་པའི་རིགས་པའི་གྲུར་ཞུགས་ནས། །རྟག་དང་གུས་སྦྱོར་བརྩོན་པའི་སྐྱ་བ་ཡིས། །བསྐྱོད་པར་བྱས་ལས་གཞུང་དོན་ཡིད་བཞིན་ནོར།  །རང་འདོད་རེ་བ་སྐོང་བའི་ལྷུན་སྟུག་འཕྲེང༌། །སྟེས་ཀྱིས་སྐལ་བར་ཐོབ་སྙམ་སྤྲོ་བ་འཕེལ། ། ཅི་སྟེ་སྐལ་བ་མཉམ་པའི་བློ་གསལ་དག ཆོས་ལ་རྟོན་པའི་བློ་ཡིས་ལེགས་བཤད་འདིར། །དགའ་བས་འཇུག་པར་འགྱུར་བའི་སྐབས་མཆིས་ན།   །དེས་ཀྱང་རངས་པའི་གནས་དག་འཐོབ་བམ་སྙམ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།   །བཀྲ་ཤིས་པར་གྱུར་ཅིག །      །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号