ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཞན་སེམས་ཤེས་པའི་མངོན་ཤེས་ལ་ནི་མདོ་སྡེ་པའི་དོགས་པ་སྐྱེ་ལུགས་ནི།   དེ་མངོན་སུམ་ཚད་མ་ཡིན་པས་ཡུལ་གྱི་རང་གི་ངོ་བོ་མངོན་སུམ་དུ་འཛིན་དགོས་ལ། དེ་ལྟར་ན་གཟུང་བྱ་ཕ་རོལ་གྱི་སེམས་རང་གི་ཤེས་པ་དང་རྫས་གཅིག་པ་ནི་མི་རུང་བས་ངེས་པར་གཟུང་བ་དོན་གཞན་དུ་འགྱུར་རོ།   །གལ་ཏེ་ཡུལ་གྱི་རང་གི་ངོ་བོ་མངོན་སུམ་དུ་མི་འཛིན་ན་དེ་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་རོ་ཞེས་པ་སྟེ། རིགས་པའི་དབང་ཕྱུག་གིས།   གལ་ཏེ་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མངོན་སུམ་དུ་ཤེས་པར་འགྱུར་ན་ནི་དེའི་གཟུང་བ་དོན་གཞན་ཡིན་པར་འགྱུར་རོ།   །མི་ཤེས་ན་ནི་དེ་དག་ཇི་ལྟར་མངོན་སུམ་དུ་ཤེས་པ་ཡིན།   ཇི་ལྟར་མངོན་སུམ་གྱིས་དོན་གྱིས་རང་གི་ངོ་བོ་མི་འཛིན་པར་ཡང་འགྱུར། འོན་ཏེ་མི་འཛིན་ན་ནི་ཇི་ལྟར་ཚད་མ་ཡིན་ཞེ་ན་ཞེས་ཕྱོགས་སྔ་མའི་འདོད་པ་བསུ་བར་མཛད་དོ། །དེའི་ལན་ནི་སེམས་ཅན་གྱི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་ནི་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མི་འཛིན་ཡང་གཞན་གྱི་སེམས་ཀྱི་ཐ་སྙད་ལ་མི་བསླུ་བའི་ཕྱིར་ཚད་མ་ཡིན་ནོ། །དཔེར་ན་བདག་ཉིད་དང་འབྲེལ་བའི་གཟུགས་ལ་སོགས་པ་མཐོང་བ་བཞིན་ཞེས་འཆད་པ་ལ་གནས་མ་གྱུར་པ་ཞེས་པ་ནས་ཚད་མ་ཉིད་ཡིན་ནོ་ཞེས་པའི་བར་གསུངས་སོ།   །      
གལ་ཏེ་དེ་ལྟར་ན་དེ་མངོན་སུམ་དུ་མི་འགྱུར་ཏེ། གཞན་གྱི་སེམས་ཀྱི་རང་གི་ངོ་བོ་དངོས་སུ་སྣང་བ་མེད་པའི་ཕྱིར་རོ་སྙམ་ན།   དེའི་ལན་དུ་གཞན་སེམས་ཤེས་པའི་མངོན་ཤེས་དེས་གཞན་གྱི་སེམས་རྗེན་ཆེར་དུ་བཟུང་བ་མིན་ཀྱང་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་སྟོབས་ཀྱིས་དེའི་ཁྱད་པར་ཇི་ལྟ་བའི་རྣམ་པ་ནི་གསལ་བར་སྣང་བ་ཡིན་ཏེ།   དེའི་ཕྱིར་མངོན་སུམ་མ་ཡིན་པར་མི་འགྱུར་རོ།    །དཔེར་ན་རང་གི་ལས་ཀྱི་སྟོབས་དང་ལྷ་ལ་སོགས་པའི་བྱིན་རླབས་ཀྱིས་འདས་པ་དང་མ་འོངས་པའི་དོན་འགའ་ཞིག་རྨི་ལམ་ན་ཇི་ལྟ་བ་བཞིན་གསལ་བར་མཐོང་བ་རྣམས་ཡུལ་དེ་རྗེན་ཆེར་དུ་བཟུང་བ་མ་ཡིན་ཀྱང་ཡུལ་དེ་ལ་མི་འཁྲུལ་བ་དང་དེའི་རྣམ་པ་གསལ་བར་འབྱུང་བ་མི་འགལ་བ་བཞིན་ནོ། །ཞེས་འཆད་པ་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་ཅེས་པ་ནས་རྨི་ལམ་བདེན་པ་མཐོང་བ་བཞིན་ནོ་ཞེས་པའི་བར་གསུངས་སོ།  །གལ་ཏེ་རྣལ་འབྱོར་པ་དེས་གཞན་གྱི་སེམས་དངོས་སུ་མི་འཛིན་ན་ཇི་ལྟར་ན་དེའི་རྣམ་པ་གསལ་བ་ཅན་དུ་འགྱུར་ཞེ་ན། སྐྱོན་མེད་དེ། རྣལ་འབྱོར་པ་དེས་བསྒོམས་པའི་སྟོབས་ཀྱིས་རང་གི་སེམས་ཀྱི་སྣང་བ་ཕ་རོལ་གྱི་སེམས་དེའི་རྣམ་པ་དང་ཇི་ལྟ་བ་བཞིན་མཚུངས་པའི་ངོ་བོ་ཉིད་དུ་སྐྱེ་བར་འགྱུར་ལ།   རྣམ་པ་འདི་ནི་དེ་ལ་གསལ་བར་སྣང་བའི་ཕྱིར་མངོན་སུམ་དང་དེ་ལྟ་བུའི་བློ་དེ་ནི་ཕ་རོལ་གྱི་སེམས་ཀྱི་ཁྱད་པར་ལ་ཅུང་ཟད་ཀྱང་མི་འཁྲུལ་བའི་ཕྱིར་ཚད་མ་ཞེས་བྱ་སྟེ། རྒྱུ་མཚན་དེའི་ཕྱིར་དེ་ལ་མངོན་སུམ་ཚད་མའི་ཐ་སྙད་དོན་དང་མཐུན་པར་འགྱུར་རོ། །ཞེས་འཆད་པ་ལ་དེ་དག་ལ་ཡང་གཞན་གྱི་སེམས་ཞེས་པ་ནས་ཚད་མ་ཞེས་བྱ་བར་འདོད་དོ་ཞེས་པའི་བར་གསུངས་སོ།   །
ཀུན་མཁྱེན་ཡེ་ཤེས་ཀྱི་གཟིགས་ཚུལ་ལ་བརྒལ་བའི་ལན་དུ་བསམ་གྱིས་མི་ཁྱབ་པར་གསུངས་པ་ཡང་དེའི་གནས་ཚུལ་ཇི་ལྟ་བ་བཞིན་སོ་སོ་སྐྱེ་བོ་རྣམས་ཀྱིས་མངོན་སུམ་དུ་མི་ཤེས་པར་དགོངས་པ་སྟེ།  སྒྲ་རྟོག་གི་ཡུལ་མ་ཡིན་པའི་ཕྱིར་ཞེས་གསུངས་པས་ཤེས་སོ།  །འགྲེལ་བས་དེའི་དོན་བཤད་པ་ལྟར་ན་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་དངོས་པོ་ཕྲ་བ་དང་སྒྲིབ་པ་དང་བསྐལ་བ་རྣམས་གཉིས་སུ་སྣང་བའི་ཚུལ་གྱིས་གཟིགས་ཀྱང་ཡེ་ཤེས་དེ་ཉིད་ཀྱིས་ཡུལ་ཡུལ་ཅན་རྒྱང་ཆད་དུ་་་་མེད་པར་རྟོགས་པས་ཕྱིན་ཅི་མ་ལོག་པར་འཇོག་པར་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཀྱིས་ཡུལ་དེ་དང་དེ་དག་གཟིགས་ཀྱང་དེ་དང་དེའི་རྣམ་པ་ཅན་དུ་སྣང་བ་གསལ་བར་ཡོད་པ་དང་དེ་ཡང་དེ་ལ་མི་བསླུ་བ་ཉིད་ལ་བྱ་དགོས་ཤིང༌། སངས་རྒྱས་ལ་གཟུགས་སོགས་སྣང་བ་ཡང་ཕྱི་རོལ་དོན་སྣང་གི་བག་ཆགས་སད་པའི་དབང་གིས་སྣང་བ་མ་ཡིན་གྱི།  དངོས་པོའི་གནས་ལུགས་ལ་འཁྲུལ་བའི་དྲི་མ་ཟད་པར་སྤངས་པའི་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་དང༌།  འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པའི་སྨོན་ལམ་དང་།བྱང་ཆུབ་ཀྱི་ཐུགས་སོགས་ཐབས་ཀྱི་ཆ་མཐར་ཕྱིན་པའི་དབང་གིས་སྣང་བ་ཡིན་ནོ་ཞེས་ཤེས་ པར་བྱའོ།   །འདིའི་འགྲེལ་བ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་ནི་གཟུང་འཛིན་གཉིས་སུ་སྣང་བའི་ཚུལ་གྱིས་མཁྱེན་པའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རང་རིག་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཤད་དོ།   །དེ་ལྟར་ན་ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱིས་བལྟ་བྱ་ཐུན་མོང་བའི་བུམ་པ་གཅིག་ལ་བལྟས་པའི་ཚེ་གཅིག་ལ་སྣང་པའི་ཆ་གཅིག་ཤོས་ལ་མི་སྣང་ཡང་བུམ་པ་ཙམ་བལྟ་བྱ་ཐུན་མོང་པར་འཇོག་པ་མི་འགལ་ཏེ།དཔེར་ན་ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱིས་སྒྲ་མི་རྟག་ཞེས་བརྗོད་པའི་ཚེ་ལྷས་སྦྱིན་གྱིས་བརྗོད་པའི་ཆ་དེ་མཆོད་སྦྱིན་གྱིས་བརྗོད་པ་མིན་ཀྱང་སྒྲ་མི་རྟག་ཞེས་པའི་ཚིག་ཙམ་དེ་གཉིས་ཀའི་ཐུན་མོང་གི་བརྗོད་པར་འཇོག་པ་མི་འགལ་ཞིང༌།    དེ་གཉིས་སོ་སོ་ནས་བརྗོད་པའི་ཚིག་དེ་དག་ལས་དོན་གཞན་དུ་གྱུར་པའི་དེ་གཉིས་ཀྱི་བརྗོད་པ་ཐུན་མོང་པའི་སྒྲ་མི་རྟག་ཅེས་པའི་ཚིག་ཀྱང་མེད་པ་བཞིན་ནོ། །    དེས་ན་ལྷས་སྦྱིན་དང་མཆོད་སྦྱིན་གཉིས་རང་རང་གི་མིག་ཤེས་ལ་སྣང་བའི་བུམ་པ་ནི་རང་རང་གི་མིག་ཤེས་དེ་དང་རྫས་གཅིག་མོད་ཀྱང་མིག་ཤེས་གཉིས་རྫས་གཅིག་ག་ལ་དགོས། གཞན་རྒྱུད་ཀྱི་ཤེས་པ་འཛིན་པའི་ཚད་མ་ལ་ཡང་རྗེས་དཔག་ལ་ནི་ཤེས་པའི་དོན་སྤྱི་སྣང་པ་ཡིན་པས་ཚད་མ་དང་རྫས་ཐ་དད་ཀྱི་དོགས་པ་མི་དགོས་ལ།   གཞན་སེམས་ཤེས་པའི་མངོན་ཤེས་ལ་ཡང་དངོས་སུ་གསལ་བར་སྣང་བ་ནི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་སྟོབས་ཀྱིས་རང་གི་སེམས་ཕ་རོལ་གྱི་ཤེས་པའི་རྣམ་པ་ཅན་དུ་སྐྱེས་པ་ཉིད་ཡིན་ལ། དེ་ནི་ཚད་མ་དེ་དང་རྫས་ཐ་དད་མ་ཡིན་ཞིང་དེ་དངོས་སུ་སྣང་བ་ལ་བརྟེན་ནས་ཕ་རོལ་གྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བས་དེ་ལྟ་བུའི་ཤེས་པ་དེ་ཚད་མ་ཡིན་ཞིང་ཤེས་པ་དེའི་དོན་ཕ་རོལ་གྱི་སེམས་ཀྱི་སྒྲ་དོན་དང་ཕ་རོལ་གྱི་སེམས་གཉིས་གཅིག་ཏུ་འདྲེས་པའི་སྣང་ཚུལ་ཡང་མེད་པས་མངོན་སུམ་ཡང་ཡིན་ནོ།    །
 དམྱལ་བའི་མེ་རྟོགས་པའི་ཀུན་མཁྱེན་ཡེ་ཤེས་ཀྱིས་དམྱལ་བའི་མེ་གཟིགས་ཚུལ་ཡང་དམྱལ་བ་པའི་རང་གི་མྱོང་བར་གྱུར་པའི་མེར་སྣང་དང་རིག་བྱ་རིག་བྱེད་རྫས་གཅིག་ཏུ་གྱུར་པའི་ཤེས་པ་ཡུལ་དང་བཅས་པའི་རྣམ་པ་ཀུན་མཁྱེན་ཡེ་ཤེས་ལ་གསལ་བར་སྣང་ཞིང་དེ་ལྟ་བུའི་གཟུང་བའི་རྣམ་པ་དེ་ཡང་ཀུན་མཁྱེན་ཡེ་ཤེས་དང་བདག་ཉིད་གཅིག་པ་ཡིན་ནོ། །ཀུན་མཁྱེན་ཡེ་ཤེས་ལ་དེ་ལྟ་བུའི་རྣམ་པ་འཆར་བ་ཡང་སེམས་ཅན་ལ་དེ་ལྟ་བུའི་སྣང་ཡོད་པ་ལ་ལྟོས་དགོས་པ་དང༌། སངས་རྒྱས་འཕགས་པ་རང་ཉིད་ཀྱིས་ཚོགས་གཉིས་མཐར་ཕྱིན་པའི་དབང་གིས་གཟིགས་པ་ཁོ་ན་ཡིན་ནོ། །ཡེ་ཤེས་དེ་ནི་དམྱལ་བའི་མེ་ལ་མངོན་སུམ་ཚད་མ་ཡིན་ཚུལ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་སྐབས་སུ་བཤད་པ་དང་འདྲ་ལ།རྒྱུ་མཚན་དེ་དག་གི་ཕྱིར་ཀུན་མཁྱེན་ཡེ་ཤེས་ཀྱིས་དམྱལ་བའི་མེ་མངོན་སུམ་དུ་གཟིགས་ཀྱང་སྤྱིར་དམྱལ་བའི་མེ་དེ་སངས་རྒྱས་ཀྱི་མཁྱེན་པ་དང་རྫས་གཅིག་ཡིན་མི་དགོས་སོ།   །འདིས་པཎ་ཆེན་ཆོས་མཆོག་གི་འགྲེལ་བའི་དགོངས་པ་ཡང་ཤེས་པར་སླའོ། །འདི་དག་ནི་མདོ་ཙམ་ཡིན་གྱི་ད་དུང་འདི་དག་ལ་བརྟེན་ནས་སེམས་ཙམ་པ་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་བཞག་དུ་མ་ཞིག་དང༌། དེ་ལ་དབུ་མ་པ་དག་གིས་འགལ་བ་བརྗོད་ཚུལ་ཐུན་མོང་མ་ཡིན་པ་དུ་མ་ཞིག་ཡོད་ཅིང༌།  ཤིང་རྟ་ཆེན་པོ་རྣམས་དང་རྗེ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་ད་ལྟའི་གཞུང་ལུགས་པ་དག་གི་རྣ་བར་མ་གྲགས་པའི་རྣམ་བཞག་དུ་མ་ཞིག་བཤད་དུ་ཡོད་མོད། འོན་ཀྱང་ཧ་ཅང་གཏམ་གསར་བ་མངས་དྲག་ན་ར་པོ་དཀར་པོ་ལུག་ཁྱུར་མི་ཚུད་པའི་དཔེ་ལྟར་རང་ཉིད་སྟོན་ཆེན་གྱི་གྲལ་ནས་བུད་ཀྱིས་དོགས་པས་དེ་ཙམ་ལས་མ་སྤྲོས་སོ། །                    
གཉིས་པ་དེ་ལ་བརྟེན་ནས་ལམ་བགྲོད་ཚུལ་གྱི་རྣམ་བཞག་བཤད་པ་ལ།   བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་བཞག་གི་གནས་སྐབས་སུ་བདག་མེད་པའི་དོན་བསྒོམ་པ་དང༌། རྗེས་ཐོབ་ཀྱི་གནས་སྐབས་སུ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དང༌།   དེ་ཡང་ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་མཉམ་རྗེས་གཉིས་ཀ་ལ་སློབ་དགོས་པ་རྣམས་ནི་ལུགས་འདི་ལ་ཡང་འདྲ་བར་ཐེག་པ་ཆེན་པོ་བསྡུས་པ་དང་བྱང་ཆུབ་སེམས་དཔའི་ས་ལས་བཤད་དོ། །ཆོས་བདག་མེད་པའི་དོན་ལ་ཞི་གནས་དང་ལྷག་མཐོང་གིས་རྣལ་འབྱོར་དུ་བྱ་བའི་ཚུལ་རྒྱས་པར་ནི་ལུགས་འདིའི་རྗེས་སུ་འབྲངས་པའི་མཁས་གྲུབ་ཆེན་པོ་ཤནྟི་པས་ཤེར་ཕྱིན་མན་ངག་ཏུ་གསལ་བར་མཛད་དོ། །འཚོལ་བ་བཞི་དང་ཤེས་པ་བཞིས་བདག་མེད་གཏན་ལ་འབེབས་པའི་ཐོས་བྱུང་དང་བསམས་བྱུང་གཙོ་བོར་གྱུར་པ་ནི་ཚོགས་ལམ་དང༌།བསྒོམས་བྱུང་གི་ཤེས་པ་གཙོ་བོར་གྱུར་པས་དེ་ཁོ་ན་ཉིད་དོན་སྤྱིའི་ཚུལ་གྱི་ཡིད་ལ་བྱེད་པ་ནི་སྦྱོར་ལམ་ཡིན་ལ། དེ་ལ་ཡང་མཉམ་བཞག་གི་གནས་སྐབས་སུ་གཉིས་སྣང་རིམ་གྱིས་ཆུང་དུ་སོང་བའི་ཆ་ནི་དྲོད་སོགས་བཞིར་བཞག་སྟེ།དེ་བཞི་ལ་རིམ་པ་བཞིན་སྣང་བ་ཐོཔ་བའི་ཏིང་ངེ་འཛིན་དང༌། སྣང་བ་མཆེད་པའི་ཏིང་ངེ་འཛིན་དང༌།རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་།དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་པའི་ཐ་སྙད་ཀྱང་ཐེག་བསྡུས་ལས་བཤད་དོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号