ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ད་ནི་རྟགས་ཀྱི་དོན་བཤད་པར་བྱ་སྟེ།   དེ་ལ་པཎ་ཆེན་ཆོས་མཆོག་གིས་བཤད་པ་ལྟར་ལྷན་ཅིག་པ་ནི་དུས་གཅིག་པ།   དམིགས་པ་ནི་ཚད་མས་དམིགས་པ། ཁྱབ་པ་ནི་ངེས་པ་སྟེ།   མདོར་ན་དུས་གཅིག་ཏུ་རྟོགས་པས་ཁྱབ་པའོ།   །དེའི་དོན་ཡང་འདི་ལྟར་ཡིན་ཏེ། རྒྱལ་ཚབ་ཐམས་ཅད་མཁྱེན་པས་སྔོན་པོ་རྟོགས་ན་སྔོ་འཛིན་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ལ་སྔོ་འཛིན་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ཏུ་སྐྱེས་པ་ངེས་པར་དེའི་རིགས་ལ་གནས་པས་ཁྱབ་པའི་དོན་ཡིན་ནོ་ཞེས་གསུངས་ཤིང༌། མདོར་ན་ཕན་ཚུན་གཅིག་དམིགས་བྱེད་ཀྱི་ངོ་བོར་སྐྱེས་ན་གཅིག་ཤོས་ཀྱང་དམིགས་བྱེད་ཀྱི་ངོ་བོར་སྐྱེས་པས་ཁྱབ་པ་ལ་བཞེད་དོ། །མཁས་གྲུབ་སྨྲ་བའི་ཉི་མས་ནི་ཕན་ཚུན་གཅིག་ཚད་མས་དམིགས་པའི་དུས་དེའི་ཚེ་གཅིག་ཤོས་ཀྱང་ཚད་མས་དམིགས་པས་ཁྱབ་པ་སྟེ།    དཔེར་ན་སྔོན་པོ་སྔོ་འཛིན་མངོན་སུམ་ཚད་མས་ནམ་དམིགས་པ་དང་དུས་མཉམ་དུ་སྔོ་འཛིན་མངོན་སུམ་ཡང་རང་མྱོང་བའི་རང་རིག་མངོན་སུམ་གྱིས་དམིགས་པས་ཁྱབ་ལ།    སྔོ་འཛིན་མངོན་སུམ་ཚད་མ་རང་རིག་གིས་དམིགས་པའི་ཚེ་སྔོན་པོ་ཡང་སྔོ་འཛིན་ཚད་མས་དམིགས་པས་ཁྱབ་པ་ལྟ་བུའོ་ཞེས་བཞེད་དེ།   འབྲུ་གནོན་ལུགས་ཅུང་ཟད་མི་འདྲ་ཡང་གཉིས་ཀའི་དགོངས་པ་ནི་གཅིག་ཏུ་སྣང་ངོ༌།   ཤེས་པ་གཅིག་གིས་སྔོན་པོ་དང་སྔོ་འཛིན་གཉིས་ཀ་མྱོང་པ་ནི་དེ་དག་སུས་ཀྱང་མི་བཞེད་པར་མ་ཟད་འགོག་པར་མཛད་དོ།   །
གཉིས་པ་དེ་ལས་འཕྲོས་པའི་དོན་ཅུང་ཟད་བཤད་པ་ནི། ད་ནི་འདི་དཔྱད་པར་བྱ་སྟེ།  ཅི་སེམས་ཙམ་པས་གཟུགས་རང་འཛིན་ཤེས་པ་དང་བདག་ཉིད་གཅིག་ཏུ་འདོད་པའི་དོན་ཅི་ཡིན། ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱིས་བུམ་པ་ལྟ་བུ་ཞིག་ལ་ཐུན་མོང་དུ་བལྟས་པའི་ཚེ་བལྟ་བྱ་ཐུན་མོང་བའི་བུམ་པ་དེ་ལྟ་བ་པོ་གཉིས་ཀའི་མིག་ཤེས་དང་རྫས་གཅིག་ཡིན་ནམ།   རེ་རེ་བའི་མིག་ཤེས་དང་རྫས་གཅིག་ཡིན།དང་པོ་ལྟར་ན་མིག་ཤེས་གཉིས་ཀྱང་ཕན་ཚུན་རྫས་གཅིག་ཏུ་འགྱུར་ལ། ཕྱི་མ་ལྟར་ན་ལྷས་སྦྱིན་གྱི་མིག་ཤེས་དང་རྫས་གཅིག་ཏུ་གྱུར་པའི་བུམ་པ་དེ་མཆོད་སྦྱིན་གྱི་མིག་ཤེས་དང་རྫས་ཐ་དད་དུ་འགྱུར་ལ། དེ་ལྟར་ན་དེ་མཆོད་སྦྱིན་གྱིས་མ་མཐོང་བར་འགྱུར་ཞིང་དེ་བཞིན་དུ་གཅིག་ཤོས་ལ་ཡང་མཚུངས་པས་གཅིག་གིས་མཐོང་བ་གཅིག་ཤོས་ཀྱིས་མི་མཐོང་ན་བུམ་པ་དེ་བལྟ་བྱ་ཐུན་མོང་བ་ཡིན་པར་འགལ་ལོ། །གཞན་ཡང་ལྷས་བྱིན་གྱི་རྒྱུད་ཀྱི་མཆོད་སྦྱིན་གྱི་ཤེས་པ་རྟོགས་པའི་ཚད་མའི་གཟུང་བྱར་གྱུར་པའི་མཆོད་སྦྱིན་གྱི་ཤེས་པ་དེ་ཚད་མ་དེ་དང་རྫས་གཅིག་ཡིན་ནམ་ཐ་དད་ཡིན།   དང་པོ་ལྟར་ན་དེ་གཉིས་རྒྱུད་གཅིག་ཏུ་ཐལ་ལོ།    །གཉིས་པ་ལྟར་ན་ཚད་མ་དེས་དེ་འཇལ་བའི་ཚུལ་དེ་ལ་སེམས་ཙམ་པ་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གཞན་རིག་གི་ཚད་འབྲས་ཀྱི་རྣམ་བཞག་མི་འཐད་པར་འགྱུར་ཏེ།    དེ་ལ་ནི་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུར་འཇོག་དགོས་པའི་ཕྱིར་རོ།   །གཞན་ཡང་སྡུག་བསྔལ་གྱི་བདེན་པས་བསྡུས་པའི་སྣོད་བཅུད་འདི་དག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཚེ་རིག་བྱ་རིག་བྱེད་རྫས་གཅིག་ན་སངས་རྒྱས་ཀྱི་མཁྱེན་པ་དང་རྫས་གཅིག་ཏུ་གྱུར་པའི་སྡུག་བདེན་ཡོད་པར་ཐལ་བར་འགྱུར་རོ་ཞེ་ན། དོགས་པ་དང་པོའི་ལན་ལ་ཁ་ཅིག་ན་རེ། གཅིག་ལ་སྣང་བ་གཅིག་ཤོས་ལ་མི་སྣང་ཀྱང་བལྟ་བྱ་ཐུན་མོང་བ་མིན་པའི་སྐྱོན་མེད་དེ།   དཔེར་ན་ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ལ་ཟླ་གཉིས་སྣང་བའི་ཚེ་གཅིག་ལ་སྣང་བའི་ཟླ་གཉིས་གཅིག་ཤོས་ལ་མི་སྣང་ཡང་གཉིས་ཀ་ལ་ཟླ་གཉིས་སྣང་བར་མཚུངས་པའི་ཕྱིར་དང༌།    སྐྱེས་བུ་གཅིག་ལ་དགྲ་གཉེན་གཉིས་ཀྱིས་བལྟས་པའི་ཚེ་ཡིད་དུ་འོང་མི་འོང་གི་སྣང་ཚུལ་མི་མཐུན་ཡང་སྐྱེས་བུ་གཅིག་ལ་བལྟས་པར་མཚུངས་པའི་ཕྱིར་རོ།   །ཞེས་གསུངས་སོ། །དེ་ལ་ཟླ་གཉིས་ནི་དབང་ཤེས་འཁྲུལ་བའི་སྣང་བ་ཕྱིན་ཅི་ལོག་ཡིན་པས་མི་མཚུངས་ལ།་ཕྱི་མ་ནི་བསྒྲུབ་བྱ་དང་མཚུངས་ཏེ། གཅིག་ལ་ཡིད་དུ་འོང་བའི་རྣམ་པར་ཤར་བ་དེ་གཅིག་ཤོས་ལ་ཡིད་དུ་མི་འོང་བའི་རྣམ་པར་ཤར་བ་མིན་ན་སྐྱེས་བུ་གཅིག་ལ་བལྟས་པ་འགལ་བའི་ཕྱིར་རོ་སྙམ་པའི་དོགས་པ་ད་དུང་མི་ཆོད་པའི་ཕྱིར་རོ། །དོགས་པ་གཉིས་པའི་ལན་ལ་ཡང་ཁ་ཅིག་ན་རེ། བལྟ་བྱར་གྱུར་པའི་གང་ཟག་གཞན་རྒྱུད་གྱི་ཤེས་པ་དེ་རང་རྟོགས་པ་པོའི་གང་ཟག་གི་ཤེས་པ་དང་རྒྱུད་ཐ་དད་ཡིན་པས་སྐྱོན་མེད་དོ་ཟེར་བ་ནི་ལན་མ་ཡིན་པ་ཉིད་དེ། དེ་ལྟར་ན་སྒྲ་རྟག་གམ་མི་རྟག་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་སྒྲ་མི་རྟག་ཞེས་བརྗོད་པའི་ཕྱོགས་ཚིག་ཀྱང་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་པའི་ཕྱིར་རོ།   །
ཡང་ཁ་ཅིག དེ་གཉིས་རྫས་གཅིག་ཀྱང་རྒྱུད་གཅིག་ཏུ་འགྱུར་བའི་སྐྱོན་མེད་དེ།   རྫས་གཅིག་པ་ནི་གཞན་རྒྱུད་ཀྱི་ཤེས་པ་སྣང་བ་དང་དེ་འཛིན་པའི་ཤེས་པ་གཉིས་ཡིན་ལ། རྒྱུད་ཐ་དད་པ་ནི་གཏན་ནས་འབྲེལ་བ་མེད་པའི་བདག་ཉིད་ཐ་དད་པའི་ཤེས་རྒྱུད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །ཞེས་ཟེར་བས་ཀྱང་དོགས་པ་མི་ཆོད་དེ། གཏན་ནས་འབྲེལ་བ་མེད་པའི་ཤེས་རྒྱུད་ཐ་དད་པ་ཉིད་ཀྱིས་མ་ངེས་པའི་ཕྱིར་རོ།  །དོགས་པ་གསུམ་པའི་ལན་ལ་ཁ་ཅིག་ན་རེ། སྔོན་པོ་དང་ཀུན་མཁྱེན་ཡེ་ཤེས་གཉིས་ཆོས་ཅན།   རྫས་གཅིག་མ་ཡིན་ཏེ།   ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར་ཞེས་པ་ཉིད་ལན་ཡིན་ཏེ། འདི་ནི་པཎ་ཆེན་ཆོས་མཆོག་གི་བཞེད་པ་ཡིན་ནོ། །ཞེས་ཟེར་ཞིང༌། ལྷན་ཅིག་དམིགས་ངེས་མ་ཡིན་པའི་དོན་ཀྱང་ཀུན་མཁྱེན་མ་དམིགས་ཀྱང་སྔོན་པོ་དམིགས་པ་དུ་མ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ།   །དེ་ལ་ཡང་འདི་འདྲི་བར་བྱ་སྟེ།   ལྷས་སྦྱིན་ལྟ་བུ་ཞིག་གིས་བློ་ཁ་ནང་དུ་ཕྱོགས་ནས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་ཚེ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་སྔོན་པོ་དང་སྔོ་འཛིན་ཤེས་པ་རྫས་གཞན་དུ་མེད་པར་རྟོགས་དགོས་པར་རང་རེ་ཀུན་མཐུན་མོད། དེ་ལྟར་ན་སྔོན་པོ་དེ་ལྷས་སྦྱིན་རང་རྒྱུད་ཀྱི་སྔོ་འཛིན་ཤེས་པ་དང་རྫས་ཐ་དད་འགོག་པ་ཡིན་ནམ། གཞན་རྒྱུད་ཀྱི་སྔོ་འཛིན་ཤེས་པ་དང་རྫས་་ཐ་དད་འགོག་པ་ཡིན་ནམ། གང་གིའང་རྒྱུད་དང་མ་འབྲེལ་བའི་ཤེས་པ་ཞིག་དང་རྫས་ཐ་དད་འགོག་པ་གང་ཡིན། དང་པོ་ལྟར་ན་སྔོན་པོ་ཆོས་ཅན། ལྷས་སྦྱིན་གྱི་རྒྱུད་ཀྱི་སྔོ་འཛིན་ཤེས་པ་དང་ལྷན་ཅིག་དམིགས་ངེས་མ་ཡིན་ཏེ།   སྔོན་པོ་དམིགས་ཀྱང་ལྷས་སྦྱིན་གྱི་རྒྱུད་ཀྱི་སྔོ་འཛིན་ཤེས་པ་མ་དམིགས་པ་དུ་མ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཚུལ་དེ་དང་འདྲའོ། ། གསུམ་པ་ལྟར་ན་ཡང་མི་འཐད་དེ།   སུ་གང་གིའང་རྒྱུད་དང་མ་འབྲེལ་བའི་ཤེས་པ་དང་སྔོན་པོ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པ་མི་སྲིད་པའི་ཕྱིར། འོན་ཏེ་རང་ཉིད་ཀྱི་སྔོ་འཛིན་ཤེས་པ་ལ་ཕྱི་རོལ་དོན་དུ་སྣང་བའི་སྔོན་པོ་ཉིད་གཞིར་བྱས་ནས་དེ་ཤེས་པ་དེ་ཉིད་དང་རྫས་གཅིག་ཏུ་བསྒྲུབས་པ་ཡིན་ནོ་ཞེ་ན།འདི་ནི་བདེན་མོད་ཀྱང་དེ་ལྟར་ན་ཀུན་མཁྱེན་ཡེ་ཤེས་ལ་ཕྱི་རོལ་དོན་དུ་སྣང་བ་མེད་ཀྱང་སྔོན་པོ་འཛིན་པའི་ཀུན་མཁྱེན་ཡེ་ཤེས་ལ་སྣང་བའི་སྔོན་པོ་ནི་ཡོད་དགོས་ལ། དེ་ཉིད་གཞིར་བྱས་པའི་ཚེ་དེ་རང་འཛིན་པའི་ཀུན་མཁྱེན་ཡེ་ཤེས་དང་ལྷན་ཅིག་དམིགས་ངེས་ཅིའི་ཕྱིར་མ་ཡིན་ཏེ། སྔོན་པོ་འཛིན་པའི་ཀུན་མཁྱེན་ཡེ་ཤེས་ཀྱིས་རང་གི་དངོས་ཡུལ་དུ་གྱུར་པའི་སྔོན་པོ་དམིགས་པ་དང་དུས་མཉམ་དུ་རང་མྱོང་བའི་རང་རིག་མངོན་སུམ་གྱིས་རང་ཉིད་མྱོང་བས་ཁྱབ་པའི་ཕྱིར་རོ།    །དེས་ན་ཕྱོགས་སྔ་སྨྲ་བའི་འཆད་ཚུལ་དེ་ཙམ་དེ་པཎ་ཆེན་ཆོས་མཆོག་གི་དགོངས་པ་དཔྱིས་ཕྱིན་པར་ལོན་པའི་བཤད་པ་མ་ཡིན་ནམ་སྙམ་མོ།     ། ལ་ལ་དག་སྔོན་པོ་སྔོ་འཛིན་ཤེས་པ་སྤྱི་ཙམ་པ་དང་རྫས་གཅིག་ཏུ་བསྒྲུབ་པ་ཡིན་པས་སྐྱོན་དེ་དག་མེད་དོ།།ཞེས་ཟེར་བ་ཡང་ཉི་མ་འཕུལ་ཐབས་སུ་མངོན་ནོ།   །ད་ནི་དོགས་པ་དེ་དག་གི་ལན་ཇི་ལྟར་བྱེད་བརྗོད་པར་བྱ་དགོས་སོ་ཟེར་ན།  དོན་དེ་དག་ནི་སྐྱེ་བོ་མཁས་པ་བློ་གྲོས་ཀྱི་ནོར་དང་ལྡན་པ་དག་ལ་ཆེས་དཀའ་བའི་གནས་མ་ཡིན་པར་ཡང་སྲིད་མོད།    ཁོ་བོ་ནི་སྐྱེས་པ་དང་སྦྱངས་པས་ཐོབ་པའི་བློ་གྲོས་ཀྱི་རྩལ་ནི་དམན། ཆེ་གེ་མོ་ཞིག་གིས་འདི་ལྟར་བཤད་དོ་ཞེས་པའི་ཚིག་ཙམ་གྱི་གཡམ་ལ་རྒྱུག་པར་ནི་མི་སྤོབས།གཞན་དང་གཞན་དག་གིས་བཤད་པ་ཕལ་མོ་ཆེ་ཞིག་ལ་ངེས་ཤེས་ནི་མ་འདྲོངས།   དོན་ཇི་ལྟ་བ་བཞིན་མ་ཕིགས་ཀྱང་གཏམ་ཤིན་ཏུ་འདྲེད་པ་དག་གིས་གཞུང་དོན་འཆད་པའི་གཡོ་ཐབས་ལྷུར་ལེན་པའི་སྙིང་ཁམས་ཆུང་བས་བློ་གསལ་རྣམས་ཀྱི་ཐེ་ཚོམ་སེལ་ཞིང་མཁས་པ་རྣམས་ལ་དགའ་བ་སྐྱེད་པའི་ལེགས་བཤད་ཀྱི་གཏམ་བགྱིད་པར་ནུས་པའི་བགོ་སྐལ་ཤིན་ཏུ་ཞན་ཞིང་ལས་སུ་བགྱི་བའི་འོས་སུ་མ་གྱུར་མོད། །འོན་ཀྱང་རང་དང་སྐལ་བ་མཉམ་པའི་སྐྱེ་བོ་དག་ལ་དོགས་སློང་གི་ཚུལ་དུ་བརྗོད་པ་ཡིན་ཞིང༌།   འདི་དག་གི་ལན་ཀྱང་དཔལ་ཆོས་ཀྱི་གྲགས་པས་རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པར་མདོ་སྡེ་པས་་གཟུང་འཛིན་རྫས་གཞན་མ་ཡིན་ན་རྒྱུད་ཐ་དད་པའི་གང་ཟག་མེད་དོ་ཞེས་རྒོལ་བའི་ལན་དུ་འདི་ལྟར་གསུངས་ཏེ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ།    །འཛིན་ཕྱིར་གལ་ཏེ་བློ་ཞེས་འགྱུར། །སེམས་ཙམ་ལ་ཡང་ཚུལ་འདི་མཚུངས།   །ཅེས་ལུས་དང་ངག་གི་རྣམ་པར་རིག་བྱེད་དུ་སྣང་བའི་བློ་ཡོད་པའི་རྟགས་ལས་ཕ་རོལ་པོའི་རྒྱུད་ལ་སེམས་ཡོད་པ་རྟོགས་པའི་རྗེས་དཔག་གིས་འགྲུབ་ཚུལ་དང༌།
ཡང་མདོ་སྡེ་པས།   གཞན་སེམས་ཤེས་པའི་མངོན་ཤེས་ལ་བརྟེན་ནས་རྒོལ་བའི་ལན་དུ།  དེ་ཉིད་ལས། གནས་མ་གྱུར་པའི་ཕྱིར་རྣལ་འབྱོར་པ་གཟུང་པ་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་ཡང་ཐ་སྙད་ལ་མི་བསླུ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་མཐོང་བ་བཞིན་དུ་ཚད་མ་ཉིད་ཡིན་ནོ།   །རྣལ་འབྱོར་གྱི་སྟོབས་ཀྱིས་ནི་དེ་དག་ལ་ཤེས་པ་གཞན་གྱི་སེམས་ཀྱི་རྣམ་པའི་བྱེ་བྲག་གི་རྗེས་སུ་བྱེད་པ་གསལ་བར་སྣང་བ་འབྱུང་བར་འགྱུར་ཏེ།   ལས་དང་ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་རྨི་ལམ་བདེན་པ་མཐོང་བ་བཞིན་ནོ། །དེ་དག་ལ་ཡང་གཞན་གྱི་སེམས་ཀྱི་ཡུལ་ཅན་ཤེས་པ་འབྱུང་བ་ནི་མ་ཡིན་ཏེ།   དེ་དག་ཀྱང་རང་གི་སེམས་སྣང་བ་དེ་དང་རྣམ་པ་མཚུངས་པ་ཁོ་ན་ཤེས་པ་ལས་གཞན་གྱི་སེམས་ཤེས་པ་ཞེས་བྱ་བར་ངེས་པར་བཟུང་ནས་ཐ་སྙད་འདོགས་སོ།   །མངོན་སུམ་འདི་རྣམ་པའི་རྗེས་སུ་བྱེད་པ་གསལ་བར་སྣང་བའི་ཕྱིར་དང་མི་བསླུ་བའི་ཕྱིར་ཚད་མ་ཞེས་བྱ་བར་འདོད་དོ།   །ཞེས་གསུངས་ཤིང༌། ཡང་མདོ་སྡེ་པས། ཀུན་མཁྱེན་ཡེ་ཤེས་ཀྱིས་གཞན་སེམས་མཁྱེན་པ་ལ་བརྟེན་ནས་དོགས་པ་བསླང་བའི་ལན་དུ།   དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་དོན་ཐམས་ཅད་ཐུགས་སུ་ཆུད་པ་ནི་བསམ་གྱིས་མི་ཁྱབ་སྟེ།   རྣམ་པ་ཐམས་ཅད་དུ་ཤེས་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་སོ།  །ལུང་དེ་དག་གི་དོན་ལེགས་པར་ཤེས་ན་སྔར་གྱི་དོགས་པ་རྣམས་བདེ་བླག་ཏུ་སེལ་བར་ནུས་སོ།   །དེ་ཡང་རྒྱུད་གཞནགྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བ་ལྷས་མཛད་པ་ཤིན་ཏུ་གསལ་བར་ཡོད་ཅིང༌།    གཞན་ཡང་སྡེ་བདུན་ཕྱོགས་ཀྱི་གཞུང་ཁ་ཤས་ལས་འབྱུང་བ་དང་བསྟུན་ན་ཤེས་པར་སླ་མོད་འདིར་ནི་ཚིག་མངས་སུ་དོགས་ནས་རྒྱས་པར་མི་སྤྲོ་ལ། མདོར་བསྡུས་པ་ཙམ་བཤད་ན།   དེ་ལ་རྗེས་དཔག་གིས་གཞན་གྱི་སེམས་འཛིན་པ་ནི་རྟགས་ལ་བརྟེན་ནས་ཡིན་ཞིང་དེ་ཡང་དོན་སྤྱི་འཛིན་པ་ཡིན་གྱི་ཡུལ་རང་མཚན་པ་དངོས་སུ་སྣང་པའི་སྒོ་ནས་འཛིན་པ་མ་ཡིན་མོད། འོན་ཀྱང་དེ་ལ་ཚད་མར་འགྱུར་པ་ནི་མི་འགལ་ཏེ།   བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་བཞིན་ནོ།   །དེས་ན་འདི་ནི་ལྐོག་ཏུ་གྱུར་པའི་ཡུལ་བརྒྱུད་ནས་འཛིན་པས་ན་རང་གི་ངོ་བོ་དངོས་སུ་མི་འཛིན་ཡང་ཚད་མར་གྱུར་པ་ཤེས་སླ་ཞིང༌།   དེས་རིག་བྱ་ཕ་རོལ་གྱི་ཤེས་པ་དང་རང་གི་སེམས་གཉིས་རྫས་གཅིག་པ་མི་དགོས་པ་ཡང་ཤེས་པར་འགྱུར་རོ། །འོན་ཀྱང་ཚུལ་དེ་བསྒྲུབ་པའི་རིགས་པ་བསྟན་བཅོས་དེར་མང་དུ་གསུངས་པ་རྣམས་ནི་ཕྲ་ལ་དོན་ཆེ་བར་སྣང་བས་དེའི་འགྲེལ་བ་སོགས་ལས་ཤེས་པར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号