ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
              
གཉིས་པ་གཟུང་འཛིན་རྫས་གཞན་འགོག་པའི་རིགས་པ་བྱེ་བྲག་ཏུ་བཤད་པ་ལ། ཐེག་བསྡུས་ལས་གསུངས་པ་ནི། མི་སྡུག་པ་བསྒོམ་པའི་རྣལ་འབྱོར་པས་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་ལ་སོགས་པ་དོན་དུ་མ་གྲུབ་ཀྱང་དེ་ལྟ་བུའི་མཐོང་བའི་སེམས་འབྱུང་བ་མི་འགལ་བ་བཞིན་དུ།   འདིར་ཡང་ཕྱི་རོལ་་གྱི་དོན་མ་གྲུབ་ཀྱང་མ་རིག་པའི་བག་ཆགས་ཀྱི་དབང་གིས་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་བ་མི་འགལ་བར་གསུངས་ཏེ། དེ་ཉིད་ལས། འདི་ལྟར་སེམས་མཉམ་པར་བཞག་པ་ན་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་ལ་སོགས་པ་གང་དང་གང་མཐོང་བ་དེ་དང་དེ་ཉིད་སེམས་མཐོང་བ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་དོན་གཞན་མེད་དོ། །རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཐམས་ཅད་ལ་རྣམ་པར་རིག་པ་ཙམ་ཉིད་རྗེས་སུ་དཔག་པར་བྱ་བར་འོས་སོ། །ཞེས་གསུངས་སོ།   །གཞན་ཡང་རླན་གཤེར་ཕོར་གང་ལ་ཡི་དྭགས་ཀྱིས་རྣག་ཁྲག་དང༌། དེ་ལ་གནས་པའི་དུད་འགྲོས་གནས་དང༌།   མིས་ཆུ་དང༌། ལྷས་བདུད་རྩིར་མཐོང་བ་ལྟ་བུ་དངོས་པོ་གཅིག་ལ་སྣང་ཚུལ་ཐ་དད་པ་དུ་མ་འབྱུང་བ་ཡང་ཕྱི་རོལ་དོན་གྱི་གནས་ཚུལ་དུ་གྲུབ་ན་འགལ་བ་ཁོ་ནར་འགྱུར་བས་རྣམ་པར་རིག་པ་ཙམ་དུ་འཐད་དོ།  །ཞེས་བཞེད་དེ། དེ་ཉིད་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ།   །དངོས་གཅིག་ཡིད་ནི་ཐ་དད་པས།   །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོ།   །གཞན་ཡང་ཕྱི་རོལ་གྱི་དོན་གྲུབ་ན་དེ་ཉིད་ཀྱི་གནས་ལུགས་སུ་གྲུབ་དགོས་པས་གནས་ལུགས་རྟོགས་པའི་འཕགས་པའི་ཟག་མེད་ཡེ་ཤེས་ཀྱང་རྟོག་བཅས་སུ་ཐལ་བ་དང༌།   སོ་སོ་སྐྱེ་བོ་རྣམས་ཀྱིས་གནས་ལུགས་མངོན་སུམ་དུ་མཐོང་བར་འགྱུར་བས་དེ་དག་ལ་གནས་ལུགས་སྒྲིབ་བྱེད་ཀྱི་མ་རིག་པ་མེད་པར་ཐལ་བ་དང༌།     དེ་ལྟར་ན་དེ་དང་བྲལ་བའི་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་མེད་པར་ཐལ་ལོ་ཞེས་བཞེད་དེ། དེ་ལ་དམིགས་པ་བརྟན་པའི་ཕྱིར། ། དོན་ནི་དོན་དུ་གྲུབ་ན་ནི། །ཡེ་ཤེས་རྟོག་པ་མེད་མི་འགྱུར།   །དེ་མེད་དེས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ།   །ཞེས་སོ།  །དེས་ན་དོན་མེད་ཀྱང་ཡུལ་དུ་ཇི་ལྟར་དམིགས་སྙམ་པ་བཟློག་པའི་ཕྱིར་སྒྱུ་མ་དང༌། སེམས་སེམས་བྱུང་ཇི་ལྟར་སྐྱེ་སྙམ་པ་བཟློག་པའི་ཕྱིར་སྨིག་རྒྱུ་དང༌།   ཡིད་དུ་འོང་མི་འོང་ལ་ཇི་ལྟར་སྤྱོད་སྙམ་པ་བཟློག་པའི་ཕྱིར་རྨི་ལམ་དང༌།   ལས་དགེ་སྡིག་ལས་འབྲས་བུ་ཇི་ལྟར་འབྱུང་སྙམ་པ་བཟློག་པའི་ཕྱིར་གཟུགས་བརྙན་དང༌། རྣམ་པར་ཤེས་པ་སྣ་ཚོགསཇི་ལྟར་སྐྱེ་སྙམ་པ་བཟློག་པའི་ཕྱིར་མིག་ཡོར་དང༌།མིང་ཚིག་གི་བརྗོད་པ་སྣ་ཚོགས་ཇི་ལྟར་འབྱུང་སྙམ་པ་བཟློག་པའི་ཕྱིར་བྲག་ཆ་དང༌།   ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཇི་ལྟར་འབྱུང་སྙམ་པ་བཟློག་པའི་ཕྱིར་ཆུ་ཟླ་དང༌། བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་བསམ་བཞིན་དུ་ཇི་ལྟར་སྐྱེ་སྙམ་པ་བཟློག་པའི་ཕྱིར་དུ་སྤྲུལ་བ་ལྟ་བུ་སྟེ།    བཅོམ་ལྡན་འདས་ཀྱིས་སྒྱུ་མའི་དཔེ་བརྒྱད་ཀྱི་སྒོ་ནས་གཞན་དབང་གི་དངོས་པོ་ཡོངས་སུ་བསྟན་པའི་དགོངས་པ་ནི་དེ་ལྟར་ཡིན་ནོ་ཞེས་ཐེག་བསྡུས་སུ་བཤད་དོ།    །དབྱིག་གཉེན་གྱིས་ཉི་ཤུ་བར་བཤད་པའི་རིགས་པ་ནི་དེ་ཉིད་ལས།   འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར།   །དྲུག་གིས་ཅིག་ཅར་སྦྱར་བ་ན།   །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།   །དྲུག་པོ་དག་ཀྱང་གོ་གཅིག་ན།    །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར།   །ཞེས་སོགས་ཏེ།   འདི་གྲགས་ཆེ་བས་འདིར་མ་སྤྲོས་སོ།   །ཆོས་ཀྱི་གྲགས་པས་གཟུང་འཛིན་གྱི་མཚན་ཉིད་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་གསུངས་པ་ནི། སྤྱིར་རྣམ་འགྲེལ་ངེས་ལས་ཕྱི་དོན་འགོག་པའི་རིགས་པ་མང་དུ་གསུང་མོད་ཀྱང་ལེགས་བཤད་སྙིང་པོ་ལས་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ཞེས་གསུངས་པ་ནི་འདི་ཡིན་ཏེ། མདོ་སྡེ་པ་ལ་ཁྱོད་ཀྱིས་ཕྱི་རོལ་གྱི་དོན་རིག་པར་འདོད་པའི་དོན་རིག་མངོན་སུམ་དེ་གང་ཡིན་ཞེས་དྲིས་པ་ལ།   མདོ་སྡེ་པ་ན་རེ། སྔོ་སེར་སོགས་སོ་སོར་རིག་པའི་མངོན་སུམ་གང་ཡིན་པ་འདི་ཉིད་དོ་ཞེས་ཟེར་རོ།   །དེ་ལ་འདི་པ་ན་རེ། མངོན་སུམ་དེ་རྒྱུ་མཚན་གང་གིས་ཕྱི་རོལ་གྱི་དོན་རིག་པར་འཇོག་པ་ཡིན་ཞེས་དྲིས་པ་ལ།   ཁོ་ན་རེ། མངོན་སུམ་དེ་ཕྱི་རོལ་གྱི་དོན་སྔོ་སེར་སོགས་ལས་སྐྱེས་ཤིང་དེ་དང་འདྲ་བས་ན་ཕྱི་རོལ་དོན་གྱི་སྔོ་སེར་སོགས་རྟོགས་པར་འཇོག་པ་ཡིན་ནོ་ཞེ་ན། དེ་ནི་འཇོག་བྱེད་འཁྲུལ་བ་ཡིན་ཏེ། དེ་ལྟར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱིས་ཀྱང་ཟླ་བ་གཉིས་རྟོགས་པར་ཐལ། ཟླ་གཉིས་དང་འདྲ་བར་སྐྱེས་པའི་ཕྱིར་རོ། །ཞེས་འཆད་པར་རྣམ་འགྲེལ་ལས།   དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །དེ་འདྲ་ལས་ཡིན་འཁྲུལ་བར་འགྱུར།   །ཞེས་སོ། །རྣམ་ངེས་ལས་ནི།   སྔོན་པོའི་རྣམ་པ་ཤར་བར་མཚུངས་པའི་དབང་ཤེས་སྐད་ཅིག་གཉིས་པ་ཆོས་ཅན།    རང་གི་དེ་མ་ཐག་རྐྱེན་སྔོར་སྣང་དབང་ཤེས་སྐད་ཅིག་དང་པོ་གཟུང་ཡུལ་དུ་བྱེད་པར་ཐལ།   དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར། འདོད་ན། བློ་ཕྱི་མ་ཕྱི་རོལ་གྱི་དོན་ལ་མི་འཕོ་བར་ཐལ་ལོ།   །ཞེས་སོགས་ཀྱི་རིགས་པས་བཀག་གོ  །
གཞན་ཡང་དབང་ཤེས་ཕྱི་རོལ་གྱི་དོན་དང་འདྲ་བ་མི་འཐད་དེ།    རྡུལ་ཕྲ་རབ་དང་འདྲ་བའང་མི་འཐད།   རགས་པ་དང་འདྲ་བའང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ།   རྡུལ་ཕྲ་རབ་ལ་རགས་པར་སྣང་བའི་བློ་མ་འཁྲུལ་བ་དེ་འདྲར་བསྐྱེད་པའི་ནུས་པ་མེད་པའི་ཕྱིར།   ཕྱི་མ་ལྟར་ན་རགས་པ་ཆ་མེད་དང་འདྲ་བ་ནི་མི་སྲིད་ལ།   རགས་པ་ཆ་བཅས་དང་འདྲའོ་ཞེ་ན་ཡང་མི་འཐད་དེ།   རྡུལ་ཕྲན་ཆ་མེད་མི་སྲིད་པས་དེ་བསགས་པའི་རགས་པ་ཡང་མི་སྲིད་པའི་ཕྱིར།   དབང་མངོན་དེ་ནི་ཆོས་ཅན།ཕྱི་རོལ་དོན་གྱི་དངོས་པོས་བཞག་པ་མ་ཡིན་ཏེ།   དོན་ཕྲ་རགས་གང་གིས་ཀྱང་མ་བཞག་པ་དེའི་ཕྱིར། ཕྱི་རོལ་དོན་དང་འདྲ་བ་ཡིན་དུ་ཆུག་ན་ཡང་དེ་གཟུང་བ་མྱོང་པའི་ངོ་བོར་གྲུབ་མི་ནུས་ཏེ།   སྒྲུབ་བྱེད་འཁྲུལ་བ་ཅན་ཡིན་པར་བཤད་ཟིན་པའི་ཕྱིར།   གལ་ཏེ་འདྲ་བ་ཙམ་ཡིན་ན་སྐྱོན་དེ་འབྱུང་ཡང་དེ་དང་འདྲ་བ་དང་དེ་ལས་སྐྱེས་པ་གཉིས་ཀ་དགོས་པས་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། མཚུངས་པ་དེ་མ་ཐག་རྐྱེན་སྔོ་འཛིན་སྔ་མ་གཟུང་དོན་དུ་བྱེད་པར་ཐལ་བར་འགྱུར་བའི་ཕྱིར། གལ་ཏེ་ངེས་ཤེས་འདྲེན་ཚུལ་མི་མཚུངས་པས་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། ངེས་ཤེས་འདྲེན་ཚུལ་གང་གིས་དེ་དེའི་སྒྲུབ་བྱེད་ཡིན་པར་འདོད་པའི་སྒྲ་སྣང་བ་དང་གཟུགས་མཐོང་བའི་དབང་ཤེས་དེ་དག་གི་ཡུལ་དུ་ཉེ་བ་གཟུགས་སྒྲ་སོགས་རྗེས་ཀྱི་ངེས་ཤེས་ལ་ཤེས་པ་ལས་ཕྱི་རོལ་ཏུ་གྲུབ་པ་ལྟར་སྣང་བ་དེ་འཐད་མི་འཐད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་དང༌།   མི་འཐད་པར་ཡང་རིགས་པས་གྲུབ་པའི་ཕྱིར་རོ།   །ཞེས་པ་སྟེ།རྣམ་འགྲེལ་ལས། འོན་ཏེ་འདི་མྱོང་དེ་གང་ལས། །འདི་ནི་དེ་ཉིད་རྣམ་དཔྱོད་ཡིན། །རྡུལ་ཕྲན་དེ་དག་གང་གིས་ན།   །རགས་པར་སྣང་བ་དེ་འདྲར་བྱེད། །དེ་ཕྱིར་དེ་ནི་དོན་དངོས་མིན།  །ཡིན་ཡང་འཁྲུལ་བ་ཅན་ཡིན་པས། ། དེ་མྱོང་བ་ཡི་ངོ་བོ་ཉིད། །སྒྲུབ་པར་བྱེད་པར་ནུས་མ་ཡིན།  །དེ་འདྲ་བ་དང་དེ་ལས་བྱུང༌།   །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །འདི་མཐོང་འདི་ཐོས་ཞེས་བྱ་བར།   །གང་ལ་བློ་ནི་ངེས་པ་དེ།   །དེས་མྱོང་ཡིན་ན་གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ།   །སྣང་དང་མཐོང་བ་དེ་དག་གི  །ཉེ་བ་དེ་ཉིད་དཔྱད་བྱ་ཡིན།   །ཞེས་དང་སློབ་དཔོན་ཕྱོགས་ཀྱི་གླང་པོས།   རྡུལ་འདུས་པ་ཕྲ་རབ་གཟུང་དོན་ཡིན་པ་འགོག་པ་ནི་ཚད་མ་མདོ་ལས།   རྩོད་སྒྲུབ་མཁན་པོ་འགོག་པའི་སྐབས་སུ་གསུངས་པའི་རིགས་པ་རྣམས་ཡིན་ཞིང༌། དེ་ཡང་དེ་ཉིད་ལས། གང་ཞིག་སྣང་བ་དེ་ལས་མིན།   །ལྔ་པོ་བསགས་ལས་དམིགས་པའི་ཕྱིར།   །གང་ལས་དེ་ནི་དོན་དམ་པ།   །དེ་ལ་ཐ་སྙད་དུ་མ་བྱས།   །ཅེས་སོགས་ཏེ།   འདིར་མངས་ཀྱིས་དོགས་ནས་མ་སྤྲོས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号