ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་ཚད་འབྲས་ཀྱི་རྣམ་བཞག་ལ།    ཚད་མ་དང་འབྲས་བུ་ཞེས་བྱ་བ་འདི་ཅི་ཞིག་ཞེ་ན།ཚད་མ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། འབྲས་བུ་ནི་གཉིས་ཏེ།   ཆོད་པའི་འབྲས་སུ་དང་མ་ཆོད་པའི་འབྲས་བུའོ། །དེ་ལ་ཆོད་པའི་འབྲས་བུ་ནི། ཚད་མའི་འབྲས་བུ་བྱེད་པ་གཞན་གྱིས་བར་ཆོད་པ་སྟེ། དེ་ཡང་ཚད་མ་ལ་བརྟེན་ནས་བླང་དོར་གྱི་དོན་ལ་ཕྱིན་ཅི་མ་ལོག་པར་ཞུགས་པས་མི་འདོད་པའི་དོན་སྤངས་ནས་འདོད་པའི་དོན་ཐོབ་པའོ། །འདོད་པའི་དོན་ཡང་མངོན་མཐོ་ངེས་ལེགས་གཉིས་ཡིན་ལ་དེ་ལས་ཀྱང་ཕྱི་མ་གཙོ་བོ་ཡིན་པ་དང༌།   དེ་དག་སྒྲུབ་བྱེད་ཀྱི་ཐབས་དང་བཅས་པ་ནི་དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལེའུ་གཉིས་པར་རྒྱས་པར་གཏན་ལ་ཕབ་པ་ཡིན་ནོ། །མངོན་མཐོ་ངེས་་ལེགས་ཀྱི་འབྲས་བུ་དེ་ནི་ཚད་མའི་སྟོབས་ལས་སྐྱེས་པ་ཡིན་པས་ཚད་མའི་སྐྱེ་འབྲས་ཡིན་པར་རིག་པར་བྱའོ།   །དེ་ལྟ་བུའི་ཆོད་པའི་འབྲས་བུ་འགྲུབ་པ་ལ་ཡང་མ་ཆོད་པའི་འབྲས་བུ་སྔོན་དུ་འགྲོ་དགོས་ལ་དེ་ནི་བྱེད་པ་གཞན་གྱིས་བར་མ་ཆོད་པའི་ཚད་མའི་འབྲས་བུའོ། །དེ་ཡང་གཉིས་ཏེ་རང་ལས་དོན་གཞན་དུ་གྱུར་པ་དང་རང་གི་བདག་ཉིད་དུ་གྱུར་པའོ།   །དང་པོ་ནི།   ཚད་མས་དངོས་སུ་དྲངས་བའི་ངེས་ཤེས་ལྟ་བུ་སྟེ།    དེ་ཡང་ཚད་མས་དངོས་སུ་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་མ་ཆོད་པའི་འབྲས་བུ་ཞེས་བྱའོ། །གཉིས་པ་ནི། ཚད་མ་རང་ཉིད་ཀྱིས་འཇལ་བྱ་རྟོགས་པའི་ཆ་ལྟ་བུ་སྟེ། དེ་ནི་ཚད་མ་རང་གི་བདག་ཉིད་དུ་གྱུར་པས་བྱེད་པ་གཞན་གྱིས་བར་མ་ཆོད་པའི་ཕྱིར་དང༌།   ཚད་མས་རྣམ་པར་གཞག་བྱའི་འབྲས་བུ་ཡིན་པའི་ཕྱིར་རོ།   །དེས་ན་འདི་ནི་ཚད་མས་བསྐྱེད་པའི་འབྲས་བུ་མ་ཡིན་ཀྱང་རྣམ་པར་གཞག་བྱའི་འབྲས་བུ་ཡིན་པས་ན་འབྲས་བུ་ཞེས་བཤད་པ་སྟེ།   ཡུལ་གྱི་རྣམ་པ་ཐ་དད་པས།   །བློ་ཡི་རྟོགས་པ་ཐ་དད་ཕྱིར། ། ཞེས་གསུངས་པས་སོ།   །དེ་ལ་མངོན་སུམ་གྱི་དབང་དུ་བྱས་པའི་ཚད་འབྲས་དང༌།   རྗེས་དཔག་གི་དབང་དུ་བྱས་པའི་ཚད་འབྲས་གཉིས་ལས་དང་པོ་ལ་སྡེ་བདུན་མདོ་དང་བཅས་པ་ལས་ཚད་འབྲས་ཀྱི་རྣམ་བཞག་གསུམ་གསུངས་པར་གྲགས་ལ།  དེ་ཡང་འབྲས་རྟོག་དང་པོ་ནི། ཚད་མ་མདོ་ལ་ས། བྱ་དང་བཅས་པ་རྟོགས་པའི་ཕྱིར།  །འབྲས་བུ་ཉིད་དུ་ཡོད་ཚད་མ།   །ཚད་མ་ཉིད་དུ་འདོགས་པ་སྟེ།   །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པས་བསྟན་ལ། དེའི་དགོངས་པ་འགྲེལ་བའི་ཕྱིར་ཚད་མ་རྣམ་འགྲེལ་ལས། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ།   ། ཞེས་སོགས་ཀྱིས་བྱ་བྱེད་སྤྱིའི་རྣམ་བཞག་དང༌། དེ་ལ་ཉམས་མྱོང་ཙམ་དུ་ནི། །ཞེས་སོགས་ཀྱིས་འབྲས་རྟོག་དང་པོའི་རྣམ་བཞག་རྒྱས་པར་བཤད་ལ།   དེ་ཡང་ཚད་མའི་བྱེད་པ་འཇུག་པའི་ཡུལ་ནི་སྔོན་པོ་ལྟ་བུའོ།   དེ་ལ་ཚད་མས་བྱ་བ་བྱེད་ཚུལ་ནི་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་གསར་དུ་མི་བསླུ་བའོ།    །འབྲས་བུ་ནི་ཡུལ་རྟོགས་པའི་ཚད་མའོ།   །དེས་ན་སྔོ་འཛིན་དབང་པོའི་མ་ངོན་སུམ་ལ་སྔོན་པོ་དང་གྲུབ་བདེ་རྫས་གཅིག་གི་ཆོས་ཀུན་གྱི་རྣམ་པ་ཤར་ཡང་དེ་དག་རྟོགས་པར་འཇོག་པ་མ་ཡིན་ནོ།  །འོ་ན་ཅི་ཞེ་ན་གཟུང་དོན་གང་གི་རྣམ་པ་ཤར་བའི་གཟུང་རྣམ་དེ་ཉིད་ལ་འཛིན་རྣམ་གྱིས་ངེས་པ་གསར་དུ་འདྲེན་ནུས་པའི་གཟུང་དོན་གྱི་ཆ་དེ་ཉིད་ཁོ་ན་ལ་དབང་མངོན་གྱིས་གསར་དུ་རྟོགས་པ་ཞེས་བྱ་བའི་ཐ་སྙད་བྱའོ། །དེས་ན་དེ་ལ་ཕྲ་བའི་མི་རྟག་པའི་རྣམ་པ་ཤར་ཡང་དེ་རྟོགས་པར་གཞག་མི་ནུས་སོ།   །དེ་ལྟར་ན་འབྲས་རྟོག་དང་པོ་ནི། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ།སྔོན་པོ་རྟོགས་པ་འབྲས་བུའོ།   །འབྲས་རྟོག་དང་པོའི་རྣམ་བཞག་འདི་ནི་གཙོ་བོར་མདོ་སྡེ་པའི་དབང་དུ་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཡིན་ཞིང་སེམས་ཙམ་པས་ཀྱང་མི་འདོད་པ་མིན་ནོ།    །མདོ་སྡེ་པས་དབང་ཤེས་ལ་ཤར་བའི་སྔོན་པོའི་རྣམ་པ་ནི་དོན་གྱིས་གཏད་པའི་རྣམ་པར་འདོད་ལ། སེམས་ཙམ་པས་དོན་དུ་སྣང་བའི་བག་ཆགས་ལས་སྐྱེས་པར་འདོད་དོ།   །འབྲས་རྟོག་གཉིས་པ་ནི།   མདོ་ལས།ཡང་ན་རང་རིག་འབྲས་བུ་ཡིན།   །དེ་ཡི་ངོ་བོ་ལས་དོན་ངེས།   །ཡུལ་གྱི་སྣང་བ་ཉིད་དེ་འདིའི།   ། ཚད་མ་དེ་ཡིས་འཇལ་བར་བྱེད། ། ཅེས་པས་བསྟན་ལ།   དེའི་དོན་འགྲེལ་བར་རྣམ་འགྲེལ་ལས།དོན་རིག་གང་ཡིན་སོ་སོར་རིག  །མངོན་སུམ་གང་ཡིན་འདི་ཉིད་དོ། །ཞེས་པ་ནས། དོན་རིག་པར་ནི་འགྱུར་བ་མིན། །ཞེས་པའི་བར་གྱིས་འཆད་ལ།   འདི་ཡང་གཟུང་རྣམ་འཛིན་རྣམ་གཉིས་ལས་སྔ་མ་སེམས་གདུང་གི་ངོ་བོར་འཛིན་རྣམ་གྱིས་མྱོང་བའི་དབང་གིས་ཡུལ་འདོད་མི་མི་འདོད་དུ་འཇོག་པས་ན་རང་རིག་ནི་འབྲས་བུར་འཇོག་དགོས་ཏེ།   དེའི་དབང་གིས་བཞག་པ་ལ་མ་ལྟོས་པར་དོན་གྱི་ངོས་ནས་འདོད་མི་འདོད་དུ་གྲུབ་ན་དགྲ་གཉེན་གང་གིས་བལྟས་ཀྱང་འདོད་པ་ཁོ་ནའམ་མི་འདོད་པ་ཁོ་ནར་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ།   །དེས་ན་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ནི་མདོ་སེམས་གཉིས་ཀས་ཁས་ལེན་ཀྱང་འབྲས་རྟོག་གཉིས་པའི་གཞུང་དེ་དག་གིས་སེམས་ཙམ་པའི་ལུགས་གཙོ་བོར་གཏན་ལ་འབེབས་པས་རང་ལུགས་ཀྱི་ཐུན་མོངས་མ་ཡིན་པའི་ཚད་འབྲས་ནི་འདི་ལྟར་བྱ་སྟེ།
རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོའི་རྣམ་པ་གཞལ་བྱ།   དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ།  རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པ་འབྲས་བུ་ནི་གཞན་རིག་གི་ཚད་འབྲས་སོ།   །ཚད་མ་མདོ་ལས། གང་ཚེ་སྣང་བ་དེ་གཞལ་བྱ།   །ཚད་མ་དང་དེའི་འབྲས་བུ་ནི།  །འཛིན་རྣམ་རིག་པ་དེ་ཡི་ཕྱིར།   །དེ་གསུམ་ཐ་དད་དུ་མ་བྱས།   །ཅེས་པས་བསྟན་པའི་རང་རིག་གི་ཚད་འབྲས་ནི་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་གཞལ་བྱ། དེ་ལ་སྒྲོ་འདོགས་གསར་དུ་གཅོད་པའི་འཛིན་རྣམ་ཚད་མ། རང་རིག་པའི་ཚད་མ་འབྲས་བུའོ། །འབྲས་རྟོགས་གསུམ་པ་ནི་རྣམ་འགྲེལ་ལས། ཕྱི་རོལ་དོན་ནི་ཡོད་ན་ཡང༌། ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་གྱིས་བསྟན་ལ། དེ་ཡང་མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་གཞལ་བྱར་བྱས་པའི་ཚེ་ན་ཡང་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་གཞག་དགོས་སོ།    །ཞེས་བསྟན་པའི་ཆེད་དུ་ཡིན་ནོ།   །དེས་ན་འབྲས་རྟོག་གསུམ་པའི་གཞུང་དེ་དག་གིས།   རང་ལུགས་ཀྱི་ཚད་འབྲས་འཐད་ལྡན་དུ་བསྒྲུབས་པ་ཡིན་གྱི་སྔ་མ་གཉིས་ལས་རྣམ་བཞག་ལོགས་པར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་བཞག་ཕུང་གསུམ་པ་ཞིག་སྟོན་པ་མིན་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པ་བཞེད་ལ།    རྒྱལ་ཚབ་ཐམས་ཅད་མཁྱེན་པས་ནི་མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། དེ་ལ་རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ།རང་གི་འདག་ཉིད་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་པའི་ཚད་འབྲས་ཀྱི་རྣམ་བཞག་ཞིག་གཞུང་གི་ཤུགས་ལ་ཐོན་པར་བཞེད་དོ།   །དེ་ལྟར་བཞེད་པ་ཡང་མདོ་སྡེ་པ་ལ་ཁས་བླངས་ནང་འགལ་སྟོན་པའི་ཆེད་ཡིན་པར་རྣམ་ངེས་ཊིཀ་ཆེན་དུ་གསུངས་སོ།   །འབྲས་རྟོག་གསུམ་གྱི་རྣམ་བཞག་འདི་དག་ཤིན་ཏུ་གལ་ཆེ་བའི་གནས་ཡིན་ཞིང་གཞུང་གི་གཅོད་མཚམས་སོགས་ཀྱང་མི་འདྲ་བ་མང་དུ་སྣང་བས་རྒྱ་ཆེར་བཤད་དགོས་ཀྱང་མངས་ཀྱིས་དོགས་པས་འདིར་དེ་ཙམ་ལས་མ་སྤྲོས་སོ།   །
གཉིས་པ་རྣམ་ཤེས་གྲངས་མང་ཉུང་འདོད་ཚུལ་ལ།    སྤྱིར་དངོས་པོར་སྨྲ་བའི་གྲུབ་མཐའ་སྨྲ་བ་རྣམས་ལ་རྣམ་ཤེས་ཚོགས་གཅིག་ཏུ་འདོད་པ་དང་གཉིས་སུ་འདོད་པ་དང་དྲུག་ཏུ་འདོད་པ་དང་བདུན་དུ་འདོང་པ་དང་བརྒྱད་དུ་འདོད་པ་དང་དགུར་འདོད་པ་དྲུག་ཡོད་པར་བཤད་དོ།   །དང་པོ་ལ་ཀུན་གཞིའི་རྣམ་ཤེས་ཁོ་ནར་འདོད་པ་དང་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་པ་གཉིས་ཡོད་པར་བཤད་ལ་རྩ་བའི་གྲུབ་མཐའ་ནི་་་བྱང་སེམས་གཅིག་པུར་སྨྲ་བ་ཞེས་བྱ་བས་འདོད་པས་སྦྱར་བར་བཤད་དེ། དེ་ཡང་རྣམ་ཤེས་གཅིག་ཉིད་རྟེན་དབང་པོ་སོ་སོ་ལ་བརྟེན་ནས་ཡུལ་སོ་སོ་ལ་རྒྱུ་བས་རྣམ་ཤེས་སོ་སོའི་མིང་ཐོབ་པ་ཡིན་ཏེ། དཔེར་ན་ཁང་པ་བུག་པ་མང་པོ་ཡོད་པ་རུ་མར་མེ་གཅིག་བཏེགས་པ་བཞིན་ནོ། །ཞེས་པ་དེའི་ཆ་གཅིག་ནི་དོན་དུ་སྣང་ཞིང་རིགས་མོད་ཀྱང་ཞེན་ཅིང་རྟོག་པ་མེད་དོ། །ཆ་གཅིག་ནི་དོན་དུ་སྣང་བ་ལ་ཞེན་ཅིང་རྟོག་པས་ན་ཤེས་པ་ལ་རྟོག་མེད་ཁོ་ནར་འགྱུར་བའི་སྐྱོན་མེད་ཞེས་ཟེར་ཞིང་རྣམ་པར་ཤེས་པ་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་པའི་ལུང་འདྲེན་པར་བྱེད་དོ། །གཉིས་སུ་འདོད་པ་ནི་ཉོན་ཡིད་དང་འཇུག་ཤེས་གཉིས་ལ་འདོད་པར་ཁ་ཆེ་ལཀྵྨིས་བཤད་དོ།   །བདུན་དུ་འདོད་པ་ནི་ཚོགས་དྲུག་དང་ལེན་པའི་རྣམ་ཤེས་ལ་འདོད་དོ་ཞེས་ཀྱང་དེས་བཤད་དོ།   །དགུར་འདོད་པ་ནི་སློབ་དཔོན་ཡང་དག་བདེན་པས་འདོད་པར་བཤད་དོ།  ། ཚོགས་དྲུག་དང་ལེན་པའི་རྣམ་པར་ཤེས་པ་དང་ཀུན་གཞི་དང་དྲི་མ་མེད་པའི་རྣམ་ཤེས་ཏེ་དགུ། ཚོགས་དྲུག་ཏུ་འདོད་པ་ནི་སྡེ་བདུན་གྱི་རྗེས་འབྲང་གི་སེམས་ཙམ་པ་དང༌། བརྒྱད་དུ་འདོད་པ་ནི་ས་སྡེ་སོགས་ལས་འབྱུང་བ་ལྟར་གྱི་ལུང་གི་རྗེས་འབྲང་གི་སེམས་ཙམ་པའོ། །དེ་ལྟ་ནའང་གཞན་རྣམས་ཀྱི་གཞུང་རྒྱས་པ་བོད་དུ་མ་འགྱུར་བ་དང་གྲགས་ཆུང་བས་འདིར་མི་སྤྲོ་ལ། ཚོགས་དྲུག་ཏུ་འདོད་པའང་ཤེས་པར་སླ་བས་འདིར་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཀུན་གཞི་དང་ཉོན་ཡིད་འདོད་ཚུལ་ཅུང་ཟད་བརྗོད་་པར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号