ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དོན་འདི་ནི་རྣམ་འགྲེལ་ལས། བདེན་པ་བཞི་ལ་བརྟེན་པ་དང༌།  །འདི་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད།   །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམ་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད། །ཅེས་དང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི།   །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པ་རྣམས་ཀྱི་དོན་ཡིན་ཞིང༌།   དེར་མ་ཟད་མངོན་རྟོགས་རྒྱན་གྱི་གཞི་ཤེས་ཀྱི་རྣམ་པ་བཤད་པའི་ལམ་བདེན་གྱི་རྣམ་པའི་སྐབས་སུ་ཡང་འགྲེལ་བ་རྣམས་སུ་ཤེས་པ་པོའི་གང་ཟག་གི་བདག་མེད་པ་དང༌། བྱེད་པ་པོའི་གང་ཟག་གི་བདག་མེད་པ་དང༌། འཕོ་བ་པོའི་གང་ཟག་གི་བདག་མེད་པ་དང༌། འདུ་བ་པོའི་གང་ཟག་གི་བདག་མེད་པར་རྟོགས་པ་རྣམས་ལམ་བདེན་གྱི་རྣམ་པ་བཞིའི་མཚན་ཉིད་དུ་བཤད་པ་ཡིན་ནོ།   །གང་དག་ཤེས་པ་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཤེས་པའི་བདག་མེད་པའི་དོན་དུ་འདོད་པ་རྣམས་ནི་དངོས་སྨྲ་བ་མན་ཆད་ཀྱིས་བཏགས་ཡོད་ཀྱི་དངོས་པོ་རྣམས་ཀྱི་གདགས་གཞིར་རང་རྐྱ་ཐུབ་པའི་རྫས་ཡོད་རེ་དགོས་པར་འདོད་པ་མ་ཤེས་པས་ལན་ནོ། །ཅི་དེ་དགོས་པ་གང་ལས་ཤེས་སྙམ་ན། དབུ་མ་འཇུག་པ་ལས། ཇི་ལྟར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །ཞེས་སོགས་ཀྱི་རིགས་པས་དངོས་སྨྲ་བ་འགོག་པའི་སྐབས་སུ་རྗེ་བདག་ཉིད་ཆེན་པོས། ཕ་རོལ་པོས་བཏགས་ཡོད་ཀྱི་དངོས་པོ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་རེ་གདགས་གཞིར་ཡོད་པ་ལ་བརྟེན་ནས་འདོགས་པར་ཁས་ལེན་ཞིང་ཞེས་གསུངས་པ་ལས་སོ། །དེ་ལྟར་གསུངས་པའི་དོན་ནི་དངོས་སྨྲ་བ་རྣམས་ཀྱིས་བཏགས་ཡོད་དུ་འཇོག་པའི་དངོས་པོ་རྣམས། བཏགས་ཡོད་དུ་འཇོག་པ་ཡང་རིགས་པས་མཐར་གཏུགས་ན་ངེས་པར་རྫས་ཡོད་ཀྱི་ཆོས་རེ་ལ་ལྟོས་ནས་འཛོག་དགོས་པར་འདོད་པ་ཉིད་ཡིན་ནོ།   །དེར་མ་ཟད་བྱེ་མདོ་གཉིས་ཀྱིས་ཆོས་ཐམས་ཅད་རང་རང་གི་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་ཁས་ལེན་ན་དེ་ཐམས་ཅད་ལ་གང་ཟག་གི་བདག་མེད་ཀྱི་ཐ་སྙད་བྱ་ཅི་དགོས།   དེ་ལ་ཆོས་ཀྱི་བདག་མེད་ཀྱི་ཐ་སྙད་ཅིའི་ཕྱིར་བཏགས་མི་ཆོག   སེམས་ཙམ་པས་ཀྱང་ཆོས་ཀྱི་བདག་མེད་ཁས་ལེན་མོད་ཀྱང་སྟོངས་ཚུལ་འདི་ཡི་སྒོ་ནས་མི་འཇོག་པར་གཟུང་འཛིན་རྫས་གཞན་གྱིས་སྟོངས་པ་སོགས་ཕུང་སོགས་ཁོ་རང་གི་སྟེང་ནས་སྟོངས་ཚུལ་ཁྱད་པར་བ་ཞིག་ལ་ཆོས་ཀྱི་བདག་མེད་དུ་འཇོག་པའི་རྒྱུ་མཚན་གྱིས་ཀྱང་ཤེས་པར་འགྱུར་མོད།གཞན་ཡང་ཆོས་ཐམས་ཅད་ཀྱི་སྟེང་དུ་རང་རང་གི་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་གཏན་ལ་འབེབས་ཚུལ་གཅིག་དུ་བྲལ་གྱི་རིགས་པས་གཏན་ལ་འབེབས་པའི་རྣམ་བཞག་མངོན་པ་གོང་འོག་ས་སྡེ་ལྔ་ཚད་མ་སྡེ་བདུན་རྗེས་འབྲངས་དང་བཅས་པ་སོགས་བྱེ་མདོ་སེམས་ཙམ་པའི་གཞུང་ལུགས་གང་ནས་བཤད་པ་སྟོན་ཅིག སེམས་ཙམ་པས་ཕྱི་རོལ་དོན་འགོག་པ་དང་གཟུང་འཛིན་རིག་གསུམ་གྱི་རྫས་ཐ་དད་ཀྱི་ཆ་འགོག་པ་ལ་གཅིག་དུ་བྲལ་གྱི་རིགས་པ་གསུངས་པ་ཡོད་ཀྱང་ཤེས་པ་རང་གི་ངོ་བོ་གཅིག་དུ་བྲལ་གྱི་་་་རིགས་པས་བདག་མེད་དུ་གཏན་ལ་འབེབས་ཚུལ་གང་དུ་ཡང་མ་གསུངས་སོ།  །དེར་མ་ཟད་དེ་ལྟར་འདོད་ཕྱིན་ཆད་འདི་དག་གི་ལུགས་ལ་འགལ་བ་དང་མ་གྲུབ་པ་དང་མ་ངེས་པ་དུ་མ་ཞིག་རང་ལུགས་སུ་ཁས་ལེན་དགོས་པར་འགྱུར་མོད། འདིར་ནི་རགས་པ་ཙམ་ཞིག་སྨྲས་པ་ཡིན་གྱི་ཞིབ་ཏུ་བརྗོད་ན་མཐའ་ཡས་སོ།  །
ཡང་ཁ་ཅིག་ནི་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་ཀྱི་ཞིབ་ཆ་འབྱེད་པ་ཡང་རྒྱ་གཞུང་ཚད་ཐུབ་རྣམས་དང་རྗེ་ཡབ་སྲས་ཀྱི་གསུང་གང་ལས་ཀྱང་མི་འབྱུང་བས་འཐད་རྒྱུ་ཞིག་མི་འདུག་སྙམ་པ་ལགས་ཤིང་སྔར་བཤད་པ་ཉིད་ཆེན་པོ་རྣམས་ཀྱི་དགོངས་པ་དང་མཐུན་པར་སྣང་ངོ་། །
གཉིས་པ་ནི་ལུགས་འདིའི་མཚན་ཉིད་གསུམ་དང་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ལ་བརྟེན་ནས་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་དབྱེ་ཚུལ་དང་ངོ་བོ་སོགས་ཀྱི་རྣམ་བཞག་བྱེད་ཚུལ་བྱེ་མདོ་གཉིས་དང་དབུ་མ་པ་རྣམས་དང་མི་འདྲ་བ་ཤིན་ཏུ་མང་ཞིང༌། མངོན་པ་ཀུན་བཏུས་དང་ས་སྡེའི་བཤད་ཚུལ་ལ་ཡང་མི་འདྲ་བའི་ཁྱད་བར་ཕྲ་མོ་མང་དུ་སྣང་ལ། སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཞག་པ་ལ་ཡང་མི་འདྲ་བའི་ཁྱད་པར་དུ་མ་ཞིག་ཡོད་མོད། ཡི་གེ་ཉུང་ངུས་ནི་མཐའ་ཆོད་པར་བཤད་མི་ནུས་ལ་རྒྱས་པར་བཀོད་ན་ནི་ཡི་གེའི་ཁུར་ཧ་ཅང་མངས་པར་འགྱུར་བས་འདིར་མ་བྲིས་ལ། གང་དག་གྲུབ་པའི་མཐའི་རྣམ་པར་བཞག་པ་མཐའ་དག་པ་ཤེས་པར་འདོད་པ་རྣམས་ཀྱིས་ནི་གཞུང་དེ་དག་ཏུ་བལྟ་དགོས་ཀྱི་གཞུང་གི་ཆ་ཤས་རེ་ཁོལ་དུ་ཕྱུང་བ་ལ་ཚིག་གི་སྤྲོས་པ་ཉག་ཉོག་རེ་བྲིས་པའི་ཐལ་འཕྲེང་ཙམ་གྱིས་གར་ཡང་མི་ཕྱིན་ནོ། །རྗེ་བདག་ཉིད་ཆེན་པོས་ཀྱང༌། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་་རེས།   །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།   །ཅེས་རང་ཉིད་ཀྱི་རྣམ་པར་ཐར་པ་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བས་གདམས་པ་དང༌། གཞན་ཡང་སྔོན་རབས་ཀྱི་མཁས་པ་སྐད་གཉིས་སྨྲ་བའི་དབང་པོ་རྣམས་དང༌།   ས་སྐྱ་པཎ་ཊི་ཏ་བུ་སྟོན་ཐམས་ཅད་མཁྱེན་པ་རྔོག་ལོ་ཆེན་པོ་ཡབ་སྲས་སོགས་ངེས་པ་དོན་གྱི་བསྟན་འཛིན་ཆེན་པོ་དག་གི་རྣམ་པར་ཐར་པ་ལས་ཇི་ལྟར་འབྱུང་བ་བཞིན་ཐོས་བསམ་བྱེད་པ་ཞིག་བྱུང་ན་བསྟན་པ་ལ་ཕན་པའི་སྐྱེས་བུ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ལགས་སོ།   །
གཉིས་པ་ཤེས་བྱེད་བློའི་རྣམ་བཞག་ལ་གསུམ། སྤྱིར་བློའི་རྣམ་བཞག་དང༌། རྣམ་ཤེས་གྲངས་མང་ཉུང་འདོད་ཚུལ་དང༌། རྣམ་བདེན་རྫུན་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས། དངོས་དང༌། ཚད་འབྲས་ཀྱི་རྣམ་བཞག་བཤད་པའོ། །དང་པོ་ནི། གསལ་ཞིང་རིག་པ་ཙམ་ཤེས་པའི་མཚན་ཉིད་དོ། །དེ་ལ་དབྱེ་ན་རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་ཡོད་དེ། བློ་དེས་ཆོས་དེ་ལ་སྒྲོ་འདོགས་གཅོད་པའི་ངེས་ཤེས་འདྲེན་ནུས་པ་དང་མི་ནུས་པ་གཉིས་སུ་ཡོད་པའི་ཕྱིར། ཡང་ན་རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་བློ་གང་ཞིག   མངོན་རྗེས་གང་རུང་མ་ཡིན་པའི་ཡིད་དཔྱོད་ཀྱི་བློ་དང༌། འཇུག་ཡུལ་རང་མཚན་གསལ་བར་སྣང་ཡང་རང་ཡུལ་མ་ངེས་པའི་སྣང་ལ་མ་ངེས་ཀྱི་བློ་དང་རང་ཡུལ་རྟོགས་ཟིན་བྱེད་པ་མ་ཉམས་པ་ལ་བསྣན་ནས་འཛིན་པའི་བཅད་ཤེས་དང༌། རང་གི་ཞེན་ཡུལ་མེད་པའི་ལོག་ཤེས་དང༌། རང་ཡུལ་ལ་རྩེ་གཉིས་པའི་བློ་ཐེ་ཚོམ་དང༌། མངོན་སུམ་དང༌།རྗེས་དཔག་སྟེ་བདུན་དུ་དབྱེ་བ་དང༌།   ཡང་ན་ཚད་མ་དང་ཚད་མིན་གྱི་བློ་གཉིས་སུ་དབྱེ་བ་སོགས་ནི་འདི་དག་ཐམས་ཅད་ཀྱིས་འདོད་ལ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་དང༌།   མངོན་སུམ་ཚད་མ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་ཤེས་པ་ཞིག་དགོས་ནའང་མདོ་སྡེ་པའི་འདོད་པ་ལྟར་མ་འཁྲུལ་བ་མི་དགོས་པ་སོགས་ཀྱང་སེམས་ཙམ་པའི་གྲུབ་མཐའ་ཕལ་མོ་ཆེའི་འདོད་ཚུལ་ཡིན་ལ། རིགས་པའི་རྗེས་འྭབྲང་གི་སེམས་ཙམ་པས་མངོན་སུམ་ལ་དབང་ཡིད་རང་རིག་རྣལ་འབྱོར་མངོན་སུམ་བཞི་འདོད་དོ།  །ལུང་གི་རྗེས་འབྲང་གི་སེམས་ཙམ་པས་གཞན་གསུམ་འདོད་ཀྱང་རང་རིག་འདོད་མི་འདོད་ནི་གསལ་བར་མ་བཤད་ལ།   རྗེ་བཙུན་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་ས་སྡེའི་རྗེས་འབྲང་གི་སེམས་ཙམ་པས་རང་རིག་མི་འདོད་དེ།   ས་སྡེ་ལྔ་ནས་མ་བཤད་པའི་ཕྱིར་ཞེས་གསུངས་སོ།   །དེ་ལྟ་ནའང་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་རང་རིག་མི་འདོད་པས་ཁྱབ་པ་ནི་རྗེ་བཙུན་དེ་ཉིད་ཀྱི་ཞལ་གྱིས་མི་བཞེས་ཏེ།  དེ་ཉིད་ཀྱིས་ཀུན་གཞི་དང་རང་རིག་གཉིས་ཀ་འདོད་པའི་སེམས་ཙམ་པ་ཡོད་པར་བཤད་པའི་ཕྱིར་ཏེ། གྲུབ་མཐའ་ཆེན་མོར་རྣམ་བདེན་པའི་ཐད་དུ་ཀུན་གཞིའི་ངོ་བོ་རང་རིག་གི་མྱོང་བྱ་ཙམ་དེའི་སྟོབས་ལས་བྱུང་བས་རྟོག་པས་དེ་དག་གཟུང་འཛིན་དུ་སྒྲོ་འདོགས་ཀྱང་དེས་སྒྲོ་བཏགས་པ་ལྟར་གྱི་གཉིས་ནི་རྫུན་ཡིན་ལ།  གཉིས་མ་ཡིན་པ་ནི་རྫུན་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号