ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་ནི། འདིའི་རང་རྐྱ་ཐུབ་པའི་རྫས་ཡོད་དང་གང་ཟག་གི་བདག་མེད་ཀྱི་སྐབས་ཀྱི་རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་དོན་མི་གཅིག་སྟེ།   འདི་ལ་ནི་རང་གི་ངོ་བོ་བློ་ཡུལ་དུ་འཆར་བ་ཆོས་གཞན་གཟུང་བ་ལ་ལྟོས་མི་དགོས་པར་རང་དབང་དུ་འཆར་བ་ཙམ་ལ་བྱེད་ཅིང༌། གཅིག་ཤོས་ནི་དབང་བསྒྱུར་བྱའི་ཕུང་པོ་རྣམས་ལ་ལྟོས་པར་དེ་དག་ལ་དབང་སྒྱུར་བྱེད་རྗེ་བོ་ལྟ་བུར་རང་རྐྱ་བར་གྲུབ་པ་ཞིག་དགོས་པའི་ཕྱིར་ཞེས་མཁས་པ་དག་གསུང་ངོ༌།   །གང་ཟག་གི་བདག་འགོག་པའི་རིགས་པ་ལ་བརྟེན་ནས་གང་ཟག་རྫས་སུ་ཡོད་པ་བཀག་པ་ན་གང་ཟག་བཏགས་ཡོད་དུ་ངེས་པར་འགྱུར་བ་དང༌། དེའི་ཚེ་བཏགས་ཡོད་དུ་ངེས་ཚུལ་ཡང་དེ་འདྲའི་རང་རྐྱ་བར་མེད་པར་རིགས་པས་བསྒྲུབས་པའི་ཤུགས་ཀྱིས་གང་ཟག་ནི་ཚོགས་པ་དང་རྒྱུན་ལ་བཏགས་པ་ཙམ་དུ་རྟོགས་པར་འགྱུར་རོ།   །དེ་ལྟ་བུའི་གང་ཟག་བཏགས་པ་ཙམ་ཡིན་ལུགས་ཀྱང་གདགས་གཞི་ཕུང་པོ་དང་སྒྲ་རྟོག་སོགས་ལ་མ་ལྟོས་པར་གང་ཟག་གི་རང་ལྡོག་བློ་ཡུལ་དུ་འཆར་མི་ནུས་ཤིང༌།   དེ་དག་ཤར་བ་ལ་བརྟེན་ནས་གང་ཟག་གི་རང་ལྡོག་བློ་ཡུལ་དུ་འཆར་དགོས་པ་ཉིད་གང་ཟག་བཏགས་པར་ཡོད་པའི་དོན་དུ་སོང་བས་གང་ཟག་བཏགས་ཡོད་ཡིན་པའི་དོན་ནི་སྐབས་འདིའི་བཏགས་ཡོད་དང་དོན་གཅིག་ཏུ་ཡོད་དོ།   །རྒྱུ་མཚན་དེའི་ཕྱིར་འགོག་རྒྱུའི་གང་ཟག་རྫས་ཡོད་ཀྱང་བཏགས་ཡོད་དེའི་བཟློག་ཕྱོགས་སུ་གྱུར་པའི་རྫས་ཡོད་ལ་བྱ་དགོས་པ་ནི་མཐའ་གཞན་འགོག་པའི་རིགས་པས་གྲུབ་པས་འདིའི་རྫས་ཡོད་དང་གནད་གཅིག་གོ། །འདིའི་བཏགས་ཡོད་ཀྱི་མཚན་གཞིར་གང་ཟག་བཤད་པ་དང༌།   བསྡུ་བ་ལས་ཕུང་པོ་ལ་བརྟེན་ནས་བདག་གམ་སེམས་ཅན་དུ་བཏགས་པ་སྐབས་འདིའི་བཏགས་ཡོད་ཀྱི་དཔེར་གསུངས་པ་དང༌། རྣམ་བཤད་དགོངས་པ་རབ་གསལ་ལས། དེ་ཡང་ལུགས་དེ་དག་གིས་ཉན་རང་གིས་གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་པར་མི་འདོད་པས་གང་ཟག་རང་རྐྱ་ཐུབ་བའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི་གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ་ཞེས་གསུངས་པ་རྣམས་གུང་བསྒྲིགས་ན་སྐབས་འདིའི་རྫས་ཡོད་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་དོནགཅིག་པར་སྣང་ངོ༌།    །གཞན་དུ་ན་ལུང་ཕྱི་མས་དེ་གཉིས་ཀྱི་རྫས་ཡོད་ཀྱི་ཁྱད་པར་མི་འདྲ་ཚུལ་གསུང་བར་རིགས་ཀྱི་རྣམ་ཤེས་དང་གང་ཟག་གཉིས་ལ་རྫས་ཡོད་འདོད་མི་འདོད་ཀྱི་ཁྱད་པར་འབྱེད་པ་ཙམ་ཞིག་གསུང་བར་མི་རིགས་སོ།  །
རྗེ་བདག་ཉིད་ཆེན་པོས། གང་ཟག་ཙམ་དགག་པར་བྱ་བ་མ་ཡིན་ན་ཁྱད་པར་གང་དང་བཅས་པ་ཡིན་སྙམ་ན་མདོ་སྡེ་མང་པོར་གང་ཟག་བདེན་པར་འགོག་ཅེས་པ་དང༌།    གཞི་བསྡུ་བར་དོན་དམ་པ་དང་།རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང༌།   མདོ་རྒྱན་དང་མཛོད་འགྲེལ་རྣམས་སུ་རྫས་ཡོད་འགོག་ཅེས་པ་ཀུན་དོན་གཅིག་པས་དེ་ལ་རྫས་བཏགས་ཀྱི་དོན་ནི།   ཆོས་གང་ཞིག་བློ་ཡུལ་དུ་འཆར་བ་རང་དང་མཚན་ཉིད་མི་མཐུན་པའི་གཞི་གཞན་གྱི་རྣམ་པ་ཤར་བ་ལ་ངེས་པར་ལྟོས་པ་ནི་བཏགས་པར་ཡོད་པ་དང༌།    དེ་ལྟ་བུ་ལ་མི་ལྟོས་པར་རང་དབང་དུ་འཆར་བ་ནི་རྫས་སུ་ཡོདཔ་ཞེས་བྱའོ་ཞེས་གང་ཟག་གི་བདག་འགོག་པའི་རིགས་པའི་སྐབས་སུ་རང་རྐྱ་ཐུབ་པའི་རྫས་ཡོད་ངོས་འཛིན་ལུགས་བསྡུ་བ་ལས་འབྱུང་བ་ཇི་ལྟ་བ་བཞིན་གསུང་འདུག་གོ །དེར་མ་ཟད་མུ་སྟེགས་པས་བདག་རྫས་ཡོད་བསྒྲུབ་པའི་རིགས་པ་འགོག་ཚུལ་སྡེ་བདུན་ལས་བཤད་པའི་རིགས་པའི་འགྲོས་ཀྱིས་ཀྱང་ཤེས་པར་ནུས་མོད་འདིར་མ་སྤྲོས་སོ།   །
ད་ནི་འདི་དཔྱད་པར་བྱ་སྟེ།   བསྡུ་བ་ལས་གང་ཅི་ཡང་རུང་སྟེ་ཞེས་སོགས་ཀྱིས་བཤད་པའི་རྫས་ཡོད་འདི་རང་རྐྱ་ཐུབ་པའི་རྫས་ཡོད་དང་དོན་མི་གཅིག་པར་སྨྲ་བ་རྣམས་ཀྱི་དོགས་པའི་གཞི་ནི་དེ་གཉིས་དོན་གཅིག་པར་འདོད་ན་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འགྱུར་ལ།   དེ་ལྟ་ན་ཡོད་ན་གང་ཟག་གི་བདག་མེད་ཡིན་པའི་ཁྱབ་པ་དང་འགལ་བར་འགྱུར་རོ་སྙམ་པ་འདི་ཁོ་ན་ཡིན་པར་འདུག་པས།   དེ་ལ་འདི་འདྲི་བར་བྱ་སྟེ།   ཡོད་ན་གང་ཟག་གི་བདག་མེད་ཡིན་པས་ཁྱབ་པའི་དོན་ཅི་ཞིག་ཡིན། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་གང་ཟག་གི་བདག་མེད་དུ་བསྒོམ་ཚུལ་ཇི་ལྟར་ཡིན།   སྟོན་པས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པའི་ལུང་གི་དོན་ཀྱང་ཇི་ལྟར་བྱེད་བརྗོད་པར་གྱིས་ཤིག   དེ་ལ་ཁོ་ན་རེ། ཡོད་ན་ནི་གང་ཟག་གི་བདག་མེད་པས་ཁྱབ་སྟེ། གང་ཟག་གི་བདག་ནི་རྣམ་པ་ཐམས་ཅད་དུ་འཐད་པས་མ་གྲུབ་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་ཚད་མས་མ་གྲུབ་པའི་རྒྱུ་མཚན་གྱིས། ཡོད་ན་མོ་གཤམ་གྱི་བུ་མེད་དགོས་པ་བཞིན། དེས་ན་གང་ཟག་གི་བདག་མེད་པར་རྟོགས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་ཀྱང་རང་རྐྱ་ཐུབ་པའི་རྫས་སུ་ཡོད་པས་སྟོངས་པར་རྟོགས་པ་དང༌།   བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་དགོངས་ནས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་སོ། །ཞེས་ཟེར་ན་བརྗོད་པར་བྱ་སྟེ། གང་ཟག་གི་བདག་ནི་རི་བོང་གི་རྭ་ལྟར་མེད་པར་སྨྲ་བ་ནི་ཤིན་ཏུ་ལེགས་པར་སྨྲས་པ་ལགས་མོད་ཆོས་ཐམས་ཅད་བདག་གིས་སྟོངས་པའི་ཚུལ་སྨྲས་པ་ལ་ད་དུང་འདྲི་བར་བྱ་སྟེ། གང་ཟག་གི་བདག་གིས་སྟོངས་ཚུལ་འདི་ནི་གོང་དུ་བཤད་པ་ལྟར་གང་ཟག་རྫས་སུ་སྨྲ་བའི་སྡེ་ལྔ་མ་གཏོགས་པའི་རང་སྡེ་བྱེ་བྲག་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་ཐམས་ཅད་ཀྱིས་གང་ཟག་གི་བདག་མེད་ཕྲ་མོར་བཞེད་པར་འདུག་པས། དེ་ལ་རེ་ཞིག་དབུ་མ་པའི་དབང་དུ་བྱས་ནས་མི་སྨྲ་ཡི། དོན་སྨྲ་གཉིས་ཀྱིས་འདོད་པའི་རྡུལ་ཆ་མེད་དང་རྣམ་རིག་པས་འདོད་པའི་གཟུང་འཛིན་གྱི་གཉིས་སྣང་དང་བྲལ་བའི་རང་རིག་དང་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པར་གཏན་ལ་འབེབས་ཚུལ་ཇི་ལྟར་བྱེད། ཅི་སྟེ་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱིས་བྱེད་དོ་ཞེ་ན། དེ་ལ་གཏན་ཚིགས་འགོད་ཚུལ་ཇི་ལྟར་བྱེད། རྡུལ་ཆ་མེད་ཆོས་ཅན།   རང་རྐྱ་བར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར་ཟེར་རམ། རང་གི་ཆ་ཤས་དང་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར་ཟེར་རམ།   རགས་པ་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་གཉིས་པ་དང་གཅིག་དང་དུ་མར་མེད་པའི་ཕྱིར་ཟེར་རམ། རགས་པ་དང་དེ་ལྟར་མ་གྲུབ་པའི་ཕྱིར་ཟེར། དེ་དག་གང་འགོད་ཀྱང་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མཐུན་དཔེའི་སྟེང་དུ་འགྲུབ་ཚུལ་བརྗོད་པར་གྱིས་ཤིག །དེ་བཞིན་དུ་རྣམ་རིག་པའི་ལུགས་ཀྱི་རང་རིག་སོགས་ལའང་སྦྱར་བར་བྱའོ། །གཞན་ཡང་ཀ་བ་དང་བུམ་པ་སོགས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པ་ལ་གང་ཟག་གི་བདག་མེད་ཀྱི་ཐ་སྙད་བྱེད་པའི་དོན་ཅི་ཡིན། དེ་ལ་གང་ཟག་གི་བདག་མེད་པའི་ཕྱིར་རོ་ཟེར་ན། མེད་པར་མཚུངས་པ་ལ་སྟོན་པས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་ཀྱི།   ཆོས་ཐམས་ཅད་རི་བོང་གི་རྭ་མེད་དོ་ཞེས་ཅིའི་ཕྱིར་མ་གསུངས། ལོག་རྟོག་ལྡོག་པའི་དགོས་པ་ཡོད་པའི་ཕྱིར་རོ་ཟེར་ན། བུམ་པ་གང་ཟག་གི་བདག་ཏུ་འཛིན་པའི་ལོག་རྟོག་དེ་ཇི་ལྟ་བུ་ཞིག་ཡིན། རང་རྐྱ་ཐུབ་པའི་རྫས་ཡོད་དུ་བཟུང་བའི་ཕྱིར་རོ་ཟེར་ན།དེ་ཡང་ཇི་ལྟར་དུ་བཟུང་བ་སྨྲོས་ཤིག །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号