ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་མཚན་ཉིད་གསུམ་གྱི་རྣམ་བཞག་ལ།   ཀུན་བཏགས་དང༌།    གཞན་དབང་དང༌། ཡོངས་གྲུབ་ཀྱི་རྣམ་བཞག་གསུམ་ལས།   དང་པོ་ནི། ཆོས་གང་ལ་སྒྲ་རྟོག་ཅི་རིགས་ཀྱིས་སྒྲོ༌བཏགས་པའི་ཆ་ནི་ཀུན་བཏགས་ཀྱི་ངོ་བོ་སྟེ། ཐེག་བསྡུས་ལས།   རྣམ་པ་གང་གིས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་ཏུ་བཏགས་པ་དེ་ནི་དེ་ལ་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་དོ།   །ཞེས་གསུངས་པའི་དོན་ནོ། །ཀུན་བཏགས་ཞེས་བརྗོད་པའི་རྒྱུ་མཚན་ནི། ཇི་ལྟར་བཏགས་པ་ལྟར་རང་གི་མཚན་ཉིད་ཀྱིས་མེད་ལ་མིང་དང་བརྡས་བཏགས་པའི་ཆ་ཙམ་དུ་དམིགས་པས་ཀུན་བཏགས་པ་ཞེས་བྱ་སྟེ། དེ་ཉིད་ལས། ཅིའི་ཕྱིར་ཀུན་བཏགས་པ་ཞེས་བྱ་ཞེ་ན།   ཡིད་ཀྱི་རྣམ་པར་རྟོག་པ་དཔག་ཏུ་མེད་པའི་རྣམ་པ་ཅན་གྱི་ཕྱིན་ཅི་ལོག་འབྱུང་བའི་རྒྱུ་མཚན་ཡིན་པས་ཀུན་བཏགས་པའོ། །རང་གི་མཚན་ཉིད་མེད་ལ་ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ཀུན་བཏགས་པ་ཞེས་བྱའོ། །ཞེས་སོ། །དེ་ལ་ཚིག་སྔ་མས་ནི་དམིགས་པ་དང་མཚན་མར་འཛིན་པ་དང་མངོན་པར་ཞེན་པ་སོགས་རྣམ་རྟོག་སྣ་ཚོགས་པ་རྣམས་ངོ་བོ་དང་ཁྱད་པར་དུ་སྒྲོ་བཏགས་པ་ལ་བརྟེན་ནས་འབྱུང་བར་སྟོན་པའོ།   །དབྱེ་བ་ནི་སྒྲོ་བཏགས་ཚུལ་གྱིས་དབྱེ་ན་འདི་ནི་གཟུགས་སོ་ཞེས་པ་ལྟ་བུ་ངོ་བོ་ལ་སྒྲོ་བཏགས་པ་དང་། འདི་ནི་གཟུགས་ཀྱི་སྐྱེ་བའོ་ཞེས་པ་ལྟ་བུ་ཁྱད་པར་ལ་སྒྲོ་བཏགས་པ་གཉིས་སོ། །ངོ་བོའི་སྒོ་ནས་དབྱེ་ན། རྣམ་གྲངས་ཀྱི་ཀུན་བཏགས་དང༌།མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་གཉིས། དང་པོ་ནི། ངོ་བོ་དང་ཁྱད་པར་གྱི་གཞིར་རང་མཚན་གྱིས་གྲུབ་པར་སྣང་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཀུན་རྫོབ་འདུས་མ་བྱས་ཀྱི་ཆོས་རྣམས་སོ།   །གཉིས་པ་ནི། བདག་གཉིས་ལྟ་བུ་ཡུལ་དུ་མ་གྲུབ་ཀྱང་རྟོག་པའི་དབང་གིས་ཡུལ་དུ་བཞག་པ་རྣམས་སོ། །ཀུན་བཏགས་ཀྱི་དཔེ་ནི་དགོངས་འགྲེལ་ལས། འདི་ལྟ་སྟེ་དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །ཞེས་གསུངས་པ་སྟེ། ནམ་མཁའི་མེ་ཏོག་དང་འདྲ་བ་ནི་རྟོག་པས་བཏགས་པ་ཙམ་གྱི་དཔེ་ཡིན་གྱི་ཤེས་བྱ་ལ་མི་སྲིད་པའི་དཔེ་མ་ཡིན་ནོ། །
གཉིས་པ་གཞན་དབང་ལ།   རྒྱུ་རྐྱེན་ལས་བྱུང་བའི་དངོས་པོ་ནི་གཞན་དབང་གི་ངོ་བོ་ཡིན་ལ། གཞན་ཀྱི་དབང་ཞེས་བརྗོད་པའི་རྒྱུ་མཚན་ནི་རང་རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པའམ་རྒྱུ་རྐྱེན་ལས་སྐྱེས་པས་ན་གཞན་དབང་དང༌།   སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པའི་རང་དབང་མེད་པས་ན་གཞན་དབང་ཞེས་བྱ་སྟེ། ཐེག་བསྡུས་ལས། ཇི་ལྟར་ན་གཞན་གྱི་དབང་ཡིན་ལ། ཅིའི་ཕྱིར་ན་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པ་ཡིན་པས་དེ་ལྟ་བས་ན་རྐྱེན་གྱི་གཞན་དབང་ཡིན་ནོ།   །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པས་ན་གཞན་གྱི་དབང་ཞེས་བྱའོ། །ཞེས་སོ། །དེས་སྒྲ་བཤད་པ་ཡང་ཤེས་པར་བྱའོ།  །
དབྱེ་ན་དག་མ་དག་གི་གཞན་དབང་གཉིས།  དང་པོ་ནི། འཕགས་པའི་མི་རྟོག་ཡེ་ཤེས་དང་དག་པའི་མཚན་དཔེ་སོགས་དང༌། གཉིས་པ་ནི།   མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་དེའི་རྒྱུ་ལས་ཉོན་དང་ཟག་བཅས་ཀྱི་ཕུང་པོ་ལྔ་ལྟ་བུའོ།   །དཔེ་ནི་དགོངས་འགྲེལ་ལས།   །འདི་ལྟ་སྟེ་དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བུ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ།    །ཞེས་པ་སྟེ། སྒྱུ་མ་ལྟ་བུའི་དོན་ནི་རྡེའུ་ཤིང་བུ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ན་རྟ་གླང་དུ་མ་གྲུབ་ཀྱང་རྟ་གླང་ལ་སོགས་པའི་གཟུགས་སུ་སྣང་བ་འབྱུང་བ་བཞིན་དུ་གཞན་དབང་གཟུང་འཛིན་རྒྱང་ཆད་དུ་མ་གྲུབ་ཀྱང་ཡང་དག་་པ་མ་ཡིན་པའི་ཀུན་རྟོག་གི་དབང་གིས་གཟུང་འཛིན་རྒྱང་ཆད་དུ་སྣང་བའོ། །འདི་ནི་མདོ་སྡེ་རྒྱན་ལས། ཇི་ལྟར་སྒྱུ་མ་དེ་བཞིན་དུ།   །ཡང་དག་མ་ཡིན་ཀུན་རྟོག་ཡོད། །སྒྱུ་མའི་རྣམ་པ་ཇི་ལྟ་བར།   དེ་བཞིན་གཉིས་སུ་འཁྲུལ་བར་བརྗོད། །ཞེས་གསུངས་པ་ལྟར་ཏེ།    སྒྱུ་མ་དང་འདྲ་བའི་འཆད་ཚུལ་གཞན་ནི་འོག་ཏུ་འཆད་དོ།  །
གསུམ་པ་ཡོངས་གྲུབ་ནི།   བདག་འཛིན་གཉིས་ཀྱིས་སྒྲོ་བཏགས་པ་ལྟར་དུ་གྲུབ་པས་སྟོངས་པའི་དེ་བཞིན་ཉིད་ནི་ཡོངས་གྲུབ་ཀྱི་ངོ་བོ་སྟེ། ཡང་ན་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་དེ་བཞིན་ཉིད་དེ་ཡོངས་གྲུབ་གྱི་ངོ་བོའོ།   །ཡོངས་གྲུབ་ཞེས་བརྗོད་པའི་རྒྱུ་མཚན་ནི།རྣམ་པ་གཞན་དུ་མི་འགྱུར་བ་དང༌། རྣམ་དག་ལམ་གྱི་དམིགས་པ་ཡིན་པ་དང༌། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཡོངས་གྲུབ་ཞེས་བྱ་སྟེ། ཐེག་བསྡུས་ལས། ཇི་ལྟར་ན་ཡོངས་སུ་གྲུབ་པ་ཉིད་ཡིན་ལ། ཅིའི་ཕྱིར་ན་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པའོ།   །རྣམ་པར་དག་པའི་དམིགས་པ་ཡིན་པ་དང་དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་གི་དོན་གྱིས་ཡོངས་སུ་གྲུབ་པ་ཞེས་བྱའོ།   །ཞེས་གསུངས་སོ།   །དབྱེ་བ་ནི།    གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་གཉིས་ཡོད་དེ། དབུས་མཐའ་ལས།   རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ།  །ཞེས་པ་དང༌། དེའི་འགྲེལ་བར་རྣམ་པར་རྟོག་པའི་དེ་ཁོ་ན་ཉིད་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །ཞེས་གསུངས་པ་དང༌། རྗེ་བདག་ཉིད་ཆེན་པོས་ཀྱང༌།ཕུང་པོའི་གཞན་དབང་གང་ཟག་གི་བདག་གི་ཀུན་བཏགས་ཀྱིས་སྟོངས་པ་གང་ཟག་གི་བདག་མེད་ཀྱི་ཡོངས་གྲུབ་ཏུ་འཇོག་པའི་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་དེ་ཙམ་ཞིག་ཐེག་དམན་གྱི་མདོའི་དོན་དུ་གོ་ནུས་ལ། ཞེས་གསུངས་སོ།  །དཔེ་ནི།   དགོངས་འགྲེལ་ལས།   དོན་དམ་ཡང་དག་འཕགས།
དེ་ལ་འདི་ལྟ་སྟེ།    དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཅིག་བལྟ་བར་བྱ་སྟེ།  ཞེས་སོ།   །འདིས་ནི་འགྱུར་མེད་ཡོངས་གྲུབ་དེ་ཉིད་དགག་བྱ་བཅད་ཙམ་གྱི་མེད་དགག་ཡིན་པ་དང་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་དཔེར་ནམ་མཁའ་ཐོགས་རེག་བཀག་ཙམ་ཡིན་པ་དང་ཐམས་ཅད་དུ་སོང་བ་གཉིས་བསྟན་པ་ཡིན་ནོ།  །
གསུམ་པ་ཞར་བྱུང་གཞན་བཤད་པ་ལ། རྫས་བཏགས་ཀྱི་ཁྱད་པར་དང༌།   རྣམ་བཞག་གཞན་རྒྱས་པར་མ་བཤད་པའི་རྒྱུ་མཚན་ནོ།   །དང་པོ་ལ་གཉིས། དངོས་དང༌།   དེ་ལ་དོགས་པ་གཅོད་པའོ། །དང་པོ་ནི། སྤྱིར་རྫས་བཏགས་ཀྱི་ཐ་སྙད་གཞུང་ཆེན་མོ་རྣམས་ལས་བྱུང་བ་ནི་མང་དུ་ཡོད་དེ། སྤྱིར་ཡོད་པ་ཙམ་ལ་རྫས་ཡོད་དུ་བྱ་བ་ནི་གང་ཅི་ཡང་རུང་སྟེ་ཡོད་ན་ནི་ཐམས་ཅད་རྫས་སུ་ཡོད་པ་ཁོ་ནའོ་ཞེསཔ་ལྟ་བུ་སྟེ་འདིའི་བཟློག་ཕྱོགས་ཀྱི་བཏགས་ཡོད་ནི་བདག་གཉིས་ལྟ་བུ་ཀུན་རྟོག་གིས་ཡོད་པར་བཟུང་ཀྱང་ཡོད་པ་མིན་པ་རྣམས་སོ། །དོན་བྱེད་ནུས་པའི་རྫས་ཡོད་ནི་དངོས་པོ་རྣམས་ཏེ།    འདིའི་བཟློག་ཕྱོགས་ཀྱི་བཏགས་ཡོད་ནི་སྤྱི་མཚན་རྣམས་སོ།   །བརྟན་པ་མི་འགྱུར་བའི་རྫས་ཡོད་ནི་འདུས་མ་བྱས་ཀྱི་ནམ་མཁའ་དང་སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་ཏེ། འདིའི་བཟློག་ཕྱོགས་ཀྱི་བཏགས་ཡོད་ནི་མི་རྟག་པ་རྣམས་སོ།    །རང་རྐྱ་ཐུབ་པའི་རྫས་ཡོད་ནི་དབང་ཤེས་ཀྱི་གཟུང་བྱར་གྱུར་པའི་གཟུགས་དང་ཚུགས་ཐུབ་ཀྱི་ཤེས་པ་རྣམས་སོ།   །འདིའི་བཟློག་ཕྱོགས་ཀྱི་བཏགས་ཡོད་ནི་ལྡན་མིན་འདུ་བྱེད་དང་ཀུན་བཏགས་ཀྱི་ཆོས་རྣམས་སོ། །དེ་ལྟར་ན་ཕྱི་མ་འདི་ནི་རྫས་བཏགས་མཚན་ཉིད་པ་དང་སྔ་མའི་རྫས་ཡོད་རྣམས་ནི་རྣམ་གྲངས་ཀྱི་རྫས་ཡོད་དོ།   །ཕྱི་མའི་རྫས་ཡོད་ཀྱི་དོན་ནི། ཆོས་གང་ཞིག་རང་ཉིད་བློ་ཡུལ་དུ་འཆར་བ་རང་ལས་གཞན་པའི་ཆོས་ཀྱི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་མི་དགོས་པར་རང་དབང་དུ་འཆར་བའི་ཚུགས་ཐུབ་བོ། །བཏགས་པར་ཡོད་པའི་དོན་ནི།ཆོས་གང་ཞིག་རང་ཉིད་བློ་ཡུལ་དུ་འཆར་བ་རང་ལས་གཞན་པའི་ཆོས་ཀྱི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ངེས་པར་ལྟོས་དགོས་པའོ།   །དེ་དག་ཀྱང་རིམ་པ་ལྟར་བསྡུ་བ་ལས།  གང་ཅི་ཡང་རུང་སྟེ་དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང༌།  དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ། །གང་ཅི་ཡང་རུང་སྟེ་དེ་ལས་གཞན་པ་དག་ལ་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའི་རྫས་སུཡོད་པ་ནི་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号