ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དགོངས་འགྲེལ་ལ་བརྟེན་ནས་འཁོར་ལོ་གསུམ་གྱི་དྲང་ངེས་ཕྱེ་ཚུལ་དངོས།
གཉིས་པ་དེ་ལ་རྟེན་ནས་འཁོར་ལོ་གསུམ་གྱི་དྲང་ངེས་ཕྱེ་ཚུལ་དངོས་ལ། འཁོར་ལོ་དང་པོ་དྲང་དོན་དུ་འགྲེལ་ཚུལ་ནི། དགོངས་གཞི།   དགོས་པ།   དངོས་ལ་གནོད་བྱེད་གསུམ་གྱིས་དྲང་དོན་དུ་འགྲེལ་བ་སྟེ།   དང་པོ་ནི།   རྣམ་པར་ཤེས་པ་དྲུག་གི་ཤེས་པ་སྔ་མ་སྔ་མས་རང་འདྲའི་ཤེས་པ་ཕྱི་མ་ཕྱི་མ་བསྐྱེད་པའི་ནུས་པ་རང་འགགས་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསྒོས་ནས་བཞག་པའི་རིགས་མཐུན་པའི་བག་ཆགས་ཀྱི་དབང་གིས།   རྣམ་པར་ཤེས་པ་དྲུག་ལ་རང་ཡུལ་གཟུགས་སོགས་སྣང་བའི་རྣམ་རིག་འབྱུང་བ་ལ་དགོངས་ནས་ཕྱིའི་དོན་གྱིས་བསྡུས་པའི་སྐྱེ་མཆེད་དྲུག་ཡོད་པར་གསུངས་པ་སྟེ།ཉི་ཤུ་པ་ལས།   རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་འབྱུང་བ།     །དེ་དང་དེ་ཡི་སྐྱེ་མཆེད་ནི།   །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་པའི་དོན་ནོ།   །གཉིས་པ་དགོས་པ་ནི།    ཆོས་ཀྱི་བདག་མེད་རེ་ཞིག་སྟོན་དུ་མི་རུང་བའི་གང་དག་ལ་གང་ཟག་གི་བདག་མེད་པ་རྟོགས་པའི་དོན་དུ་གསུངས་པ་སྟེ།    དེ་ཡང་གཟུགས་སོགས་ཕྱིའི་སྐྱེ་མཆེད་དང་མིག་སོགས་ནང་གི་སྐྱེ་མཆེད་ལ་བརྟེན་ནས་གཟུགས་བལྟ་བའི་རྣམ་པར་ཤེས་པ་འབྱུང་བར་བསྟན་པ་ལ་བརྟེན་ནས་ཡུལ་དབང་རྣམ་ཤེས་དེ་དག་ལས་དོན་གཞན་པའི་ལྟ་བ་པོ་དང་མཉན་པ་པོ་སོགས་ཀྱི་གང་ཟག་རྫས་སུ་ཡོད་པ་མེད་པར་རྟོགས་པའི་ཆེད་དུ་བསྟན་པ་ཡིན་ཏེ།  དཔེར་ན་ཆད་པར་ལྟ་བའི་རྒྱང་འཕེན་སོགས་རྗེས་སུ་གཟུང་བ་ལ།   ལས་འབྲས་ཀྱི་རྟེན་གཞིའི་གང་ཟག་ཙམ་བསྟན་པའི་ཕྱིར་དུ།   བར་དོའི་སྲིད་པ་ལ་དགོངས་ནས་རྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུ་སྟེ།   ཉི་ཤུ་པ་ལས།   གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི།  །དེ་འདུལ་བ་ཡི་སྐྱེ་བོ་ལ། །དགོས་པའི་དབང་གིས་སྟོན་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་པའི་དོན་ནོ།  །གསུམ་པ་སྒྲ་ཇི་བཞིན་པ་ལ་གནོད་བྱེད་ནི། ཕྱི་དོན་འགོག་པའི་ལུང་དང་རིགས་པ་རྣམས་ཏེ་འོག་ཏུ་རྒྱས་པར་འཆད་དོ། །
འཁོར་ལོ་བར་པ་དྲང་དོན་དུ་འགྲེལ་ཚུལ་ལ་ཡང་དགོངས་གཞི། དགོས་པ།གནོད་བྱེད་གསུམ་ལས། དང་པོ་ནི།  ཡུམ་འབུམ་པ་ལ་སོགས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་ནི། མིང་དང་བརྡས་བཞག་པ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར།   ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌།   རྒྱུ་རྐྱེན་གཞན་ལ་རག་ལས་ནས་སྐྱེ་དགོས་ཀྱི་རང་གི་བདག་ཉིད་ལས་སྐྱེ་བ་མེད་པའི་ཕྱིར།    གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ཡང་ཡིན་ལ་བདག་གཉིས་ཀྱི་ངོ་བོ་མེད་པ་ཡང་ཡིན་པའི་ཕྱིར། ཡོངས་གྲུབ་དོན་དམ་ལ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་པའི་ཕྱིར། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ།  །དགོངས་ནས་ཆོས་རྣམས་ཐམས་ཅད་ནི།  །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་དང༌། དགོངས་འགྲེལ་ལས་ཀྱང༌། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌།  དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ།  །ཞེས་སོགས་ཀྱི་དོན་ནོ། །མདོ་སྡེ་རྒྱན་ལས་ནི། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྱིས་པས་ཞེན་པ་ལྟར་གྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པར་བཤད་དེ། མདོ་སྡེ་རྒྱན་ལས། རང་དང་རང་གི་མཚན་ཉིད་དུ།  །མེད་ཕྱིར་རང་གི་ངོ་བོ་ལ།  །མི་གནས་ཕྱིར་དང་འཛིན་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་སོ།   །ཀུན་བཏུས་ལས་ནི་དེ་གཉིས་དང་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཤིན་ཏུ་རྒྱས་པ་ལས་ངོ་བོ་ཉིད་མེད་པར་གསུངས་པར་བཤད་དོ། །
དེ་ལ་འདུས་བྱས་ཀྱི་མཚན་ཉིད་གསུམ་ལ་དགོངས་ཚུལ་ནི། མྱུ་གུ་ལྟ་བུ་ལ་མཚོན་ན་མྱུ་གུ་མ་འོངས་པ་རང་གི་བདག་ཉིད་ལས་མི་སྐྱེ་བ་དང༌།    མྱུ་གུ་ད་ལྟར་བ་རང་གྲུབ་པའི་དུས་གཉིས་པར་མི་སྡོད་པ་དང༌། མྱུ་གུ་འདས་པ་སྐྱར་ནས་མྱུ་གུའི་བདག་ཉིད་དུ་མི་སྐྱེ་བ་གསུམ་ལ་དགོངས་པའོ།    །བྱིས་པས་ཞེན་པ་ལྟར་གྱི་ངོ་བོ་ཉིད་མེད་པ་ལ་དགོངས་ཚུལ་ནི།  བྱིས་པས་གཙང་བདེ་རྟག་བདག་གམ་གཟུང་འཛིན་རྫས་གཞན་དུ་ཞེན་པ་ལྟར་མ་གྲུབ་པ་ལ་དགོངས་པའོ།  །
ཡུམ་གྱི་མདོ་ལས་མ་སྐྱེས་པ་མ་འགག་པ་སོགས་སུ་གསུངས་པའི་དགོངས་པ་ནི། ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལ་དགོངས་པ་སྟེ། ཀུན་བཏགས་ལ་སྐྱེ་འགག་ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འགྱུར་བས་སྐྱེ་དགག་མེད་པ་དང༌།   སྐྱེ་འགག་དང་བྲལ་བ་ནི་འདུས་མ་བྱས་ཡིན་པས་ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་མི་རུང་བའི་ཕྱིར་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པར་བསྟན་པའོ།   །ཡོངས་གྲུབ་དོན་དམ་པར་ངོ་བོ་ཉིད་མེད་པ་ནི་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ཙམ་ཡིན་པས་སྐྱེ་འགག་དང་བྲལ་བ་དང་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པའོ།  །
ཀུན་ལས་བཏུས་ལས་ནི། མཚན་ཉིད་གསུམ་ཀའི་དབང་དུ་བྱས་ནས་མ་སྐྱེས་པ་སོགས་སུ་གསུངས་པར་བཤད་དེ། དེ་ཡང་ངོ་བོ་ཉིད་གསུམ་གྱི་རང་རང་གི་སྐབས་ཀྱི་ངོ་བོ་མེད་རྒྱུ་དེའི་དབང་དུ་བྱས་ནས་ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་པ་དང་མ་འགག་པ་སོགས་སུ་བཤད་དོ། །དཔལ་ཆོས་ཀྱི་གྲགས་པས་གཟུགས་སུ་རུང་བས་གཟུགསམཚོན་པར་བྱེད་པའི་ཕྱིར།   མཚོན་བྱ་ལས་སུ་བྱ་བ་གཟུང་བྱའི་ཕྱོགས་སུ་ཆད་པ་དང༌། མཚན་ཉིད་ལས་སུ་བྱ་བ་དེ་འཇོག་བྱེད་འཛིན་པའི་ཕྱོགས་སུ་ཚུར་ཆད་པ་ལྟར་སྣང་བ་ལས་མ་གཏོགས་པའི་མཚན་ཉིད་ཀྱིས་མཚོན་བྱ་བློ་ཡུལ་དུ་མཚོན་མི་ཤེས་ལ།   བློ་དེ་ལ་ནི་གཟུང་འཛིན་རྫས་ཐ་དད་དུ་སྣང་བས་ཁྱབ་པས་དེ་ལ་སྣང་བ་ལྟར་གྱི་རྫས་ཐ་དད་ཀྱིས་སྟོངས་པས་ན་མཚན་ཉིད་བདེན་པས་སྟོང་པ་ཞེས་བྱ་སྟེ །དེ་ལ་དགོངས་ནས་ཡུམ་གྱི་མདོ་ལས་མཚན་ཉིད་མེད་པ་དང་རང་བཞིན་མེད་པ་ཞེས་བྱ་བའི་ཐ་སྙད་གསུངས་པར་བཤད་དེ། རྣམ་འགྲེལ་ལས། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར།   །རང་བཞིན་མེད་པ་རབ་ཏུ་བཤད། །ཅེས་སོ།  །
གཞན་ཡང་ཕུང་ཁམས་སྐྱེ་མཆེད་མཚོན་པར་བྱེད་པའི་མཚན་ཉིད་དེ་དག་ཀྱང་བྱ་བྱེད་ཀྱི་ཁྱད་པར་ཅན་ཡིན་ལ།  བྱ་བྱེད་དེའང་དེ་ཁོ་ན་ཉིད་དུ་མ་གྲུབ་པའི་ཕྱིར་རྒྱུ་མཚན་དེས་ཀྱང་མདོ་ལས་མཚན་ཉིད་མེད་པ་སོགས་གསུངས་པ་སྟེ། རྣམ་འགྲེལ་ལས།   ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན།   །དེས་ཀྱང་དེ་དག་མཚན་ཉིད་བྲལ།  །ཞེས་སོ།  །འདི་ཉིད་རྣམ་རིག་པ་རང་གི་བཤད་པའི་རྣམ་གྲངས་ཡིན་གྱི་མདོ་སྡེ་པ་ལ་སྦྱོར་རྒྱུ་མིན་པ་སོགས་ནི་བཤད་ཟིན་ཏོ།    །
གཉིས་པ་དགོས་པ་ནི། བསྡུ་བ་ལས། སྨྲས་པ། འདུལ་བའི་དབང་གིས་དེ་དང་དེར་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ཏེ།    ཞེས་སོགས་གསུངས་པ་ལ་བརྟེན་ནས་ཐལ་འགྱུར་བ་སོགས་ཁ་དྲངས་པའི་ཕྱིར་དུ་གསུངས་པར་བྱས་ན་རུང་ངམ་སྙམ་ཞེས་ཀྱང་མཁས་པ་དག་གསུངས་མོད་ཀྱང་འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་འགོག་པའི་ཆེད་དུ་སྒྲས་ཟིན་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་གསལ་བར་མ་ཕྱེ་བར་ཡུམ་གྱི་མདོ་ལས་འབྱུང་པ་ལྟར་བཀའ་བསྩལ་བ་སྟེ། དོན་དེ་ཉིད་ཐེག་པ་ཆེན་པོ་བསྡུས་པ་ལས་ཤིན་ཏུ་རྒྱས་པར་གསུངས་ཏེ། དེ་ཉིད་ལས། དེ་ལ་ངོ་བོ་མེད་པར་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ།    བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། བྱང་ཆུབ་སེམས་པའི་མིང་ཡང་དག་པར་རྗེས་སུ་མི་མཐོང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང༌། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌།   གཟུགས་ཡང་དག་པར་རྗེས་སུ་མི་མཐོང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ།    །སྐུར་བ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། སྟོང་པ་ཉིད་ཀྱིས་ནི་མ་ཡིནནོ་ཞེས་བྱའོ།    །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号