ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
དེའི་རྒྱུ་མཚན་ཡང་འདིར་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི་འཁོར་གྱི་འདུ་ཐེབས་དང་སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པའི་སྒོ་ནས་འཇོག་པ་མིན་གྱི་བརྗོད་བྱའི་ངོས་ནས་འཇོག་པ་དང༌། བརྗོད་བྱ་ཡང་གང་ཡིན་ལ་མི་བྱའི་བདག་མེད་པའི་དོན་གཏན་ལ་འབེབས་པའི་དབང་དུ་བྱས་པ་སྟེ།   དེ་ཡང་འཁོར་ལོ་དང་པོས་གང་ཟག་གི་བདག་མེད་གསུངས་ཤིང་ཆོས་རྣམས་ལ་ཤས་ཆེར་བདེན་ཡོད་མ་བཀག་པ་དང༌། བར་པས་གསལ་བར་མ་ཕྱེ་བར་ཆོས་ཐམས་ཅད་བདེན་པར་གྲུབ་པ་བཀག་པ་དང༌། ཐ་མས་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་གསལ་བར་ཕྱེ་ནས་བསྟན་པ་སྟེ་བདག་མེད་སྟོན་ཚུལ་མི་འདྲ་བ་སྐོར་གསུམ་བྱུང་བས་དེའི་དབང་དུ་མཛད་པའོ།   །
དེས་ན་དོན་དེ་དག་ལ་དགོངས་ནས་མཁས་གྲུབ་ཐམས་ཅད་མཁྱེན་པས།   དེའི་ཕྱིར་གསུང་རབ་ཡིན་པ་ལ་འཁོར་ལོ་གསུམ་གང་རུང་གི་མདོ་ཡིན་པས་མ་ཁྱབ་ཀྱི་གསུམ་དུ་ཕྱེ་བ་ནི་གཙོ་བོའི་དབང་དུ་བྱས་པའི་དབྱེ་བའོ།   །ཞེས་གསུངས་པ་ཡིན་གྱི་སྤྱིར་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་བ་ཙམ་ཞིག་ནི་སྟོང་ཐུན་གྱི་གསུང་དེས་བཀག་པ་མ་ཡིན་ནོ།  །དེས་ན་སྤྱིར་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་བའི་དབང་དུ་བྱས་པའི་འཁོར་ལོ་དང་པོ་ལ་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་་པོས་མ་ཁྱབ་ཅིང༌། དེས་གཞན་གཉིས་ལའང་འདྲའོ།  །
དེ་ལྟར་ན་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་བའི་དབང་དུ་བྱས་པའི་འཁོར་ལོ་གསུམ་གྱི་རྣམ་བཞག་ནི་ཇི་ལྟར་ཡིན་ཞེ་ན། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་དུ་གསུངས་པ་ལྟར་གཙོ་བོར་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་གསུངས་པའི་མདོ་གང་ཞིག བདེན་བཞིའི་ཆོས་འཁོར་དངོས་སམ་དེ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་པའི་བཀའ་རྣམས་འཁོར་ལོ་དང་པོ་དང༌།   གཙོ་བོར་ཐེག་པ་ཆེན་པོའི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་གསུངས་པའི་མདོ་གང་ཞིག །མཚན་ཉིད་མེད་པའི་ཆོས་འཁོར་དངོས་སམ་དེ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་པའི་བཀའ་རྣམས་འཁོར་ལོ་བར་པ་དང༌། གཙོ་བོར་ཐེག་པ་ཆེན་པོའི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་གསུངས་པའི་མདོ་གང་ཞིག    །ལེགས་ཕྱེའི་ཆོས་འཁོར་དངོས་སམ་དེ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་པའི་བཀའ་རྣམས་འཁོར་ལོ་ཐ་མ་ཡིན་ལ།   འཁོར་ལོ་གསུམ་གྱི་འཇོག་བྱེད་ཀྱང་དེ་ཉིད་དོ།  །
དེས་ན་ལུང་སྡེ་བཞི་དང༌། དྲན་པ་ཉེར་བཞག  རྒྱ་ཆེར་རོལ་པ། ལས་བརྒྱ་པ་སོགས་འཁོར་ལོ་དང་པོའི་ཕྱོགས་མཐུན་དང༌། ཏིང་འཛིན་རྒྱལ་པོ། དཀོན་བརྩེགས། ཕལ་བོ་ཆེ་སོགས་འཁོར་ལོ་བར་བའི་ཕྱོགས་མཐུན་དང༌། རྒྱན་སྟུག་པོ་བཀོད་པ་སོགས་འཁོར་ལོ་ཐ་མའི་ཕྱོགས་མཐུན་ཡིན་ལ།   ལང་གཤེགས། ས་བཅུ་པ། བདེར་གཤེགས་སྙིང་པོའི་མདོ་སོགས་སེམས་ཙམ་པས་ཐ་མའི་ཕྱོགས་མཐུན་དང༌། དབུ་མ་པས་བར་པའི་ཕྱོགས་མཐུན་དུ་འདོད་དོ། །དགོངས་འགྲེལ་ནས་བཤད་པའི་བཀའ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་དང༌། ཕྱི་མ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཡིན་པར་འདོད་པ་ལ་དབུ་སེམས་གཉིས་འདྲ་ནའང༌།   དབུ་མ་པས་འཁོར་ལོ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་ནི་རེ་ཞིག་ཆོས་ཀྱི་བདག་མེད་ཕྲ་མོ་རྫོགས་པར་སྟོན་པའི་སྣོད་དུ་མི་རུང་བའི་ཐེག་ཆེན་གྱི་རིགས་ཅན་དང༌། བར་པའི་ཆེད་དུ་བྱ་བའི་གདུལ་བྱ་ནི་སྟོང་ཉིད་ཕྲ་མོ་སྟོན་པའི་སྣོད་དུ་རུང་བའི་ཐེག་ཆེན་གྱི་རིགས་ཅན་ཡིན་པས་དེ་གཉིས་ལ་མཆོག་དམན་གྱི་ཁྱད་པར་ཡོད་པར་བཞེད་ལ། སེམས་ཙམ་པས་ནི་འཁོར་ལོ་ཐ་མ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ནི་བདག་མེད་ཕྲ་མོ་སྟོན་པའི་སྣོད་དུ་རུང་བའི་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཁོ་ནར་འདོད་དོ། །འོན་ཀྱང་ཐ་མའི་གདུལ་བྱ་ནི་བར་པ་ལས་ཅུང་ཞིག་གསལ་བར་ཕྱེ་སྟེ་སྟོན་དགོས་པས་ནང་གསེས་ཀྱི་དབང་པོ་མཆོག་དམན་གྱི་ཁྱད་པར་ཡོད་པར་ཡང་མཁས་པ་དག་བཞེད་དོ།    །གང་དག་སེམས་ཙམ་པའི་ལུགས་ལ་བཀའ་བར་པར་ཆེད་དུ་བྱ་བའི་གདུལ་བྱ་ནི་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་ལས་དབང་པོ་རྟུལ་བ་ཞིག་ལ་འདོད་དོ་ཞེས་སྨྲ་བ་ནི་མི་འཐད་དེ།
ལེགས་བཤད་སྙིང་པོ་ལས།   དེའི་ཆེད་དུ་བྱ་བའི་གདུལ་བྱ་ནི་མདོ་དེའི་དོན་དགོངས་འགྲེལ་གྱིས་བཀྲལ་བ་བཞིན་དུ་རྟོགས་པ་ལ་བཞེད་པས་འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པ་ནི་གཅིག་ཡིན་ནོ།   །
ཞེས་གསུངས་པའི་ཕྱིར་རོ།   ཡང་ལེགས་བཤད་སྙིང་པོ་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་དྲང་ངེས་སུ་འགྱུར་ཚུལ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཞུས་པ་ནི་ཞེས་གསུངས་པ་དང་དེའི་ཕྱིར་དུས་དང་པོར་བདེན་པ་བཞི་ལས་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་དུ་སྟོན་པ་ཡིན་གྱི་དུས་དང་པོར་གསུངས་ཚད་ཀྱི་གསུང་རབ་ཐམས་ཅད་ལ་མིན་ཏེ། ཞེས་གསུངས་པ་རྣམས་ཀྱི་དགོངས་པར་བསམས་ནས་འཁོར་ལོ་གསུམ་གྱི་མཚན་ཉིད་འཇོག་པ་ན།    སྟོན་པས་དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་མཚན་ཉིད།    དེས་གཞན་གཉིས་ལའང་འདྲ་ཞེས་སྨྲས་ནས།    ཡང་དེ་ལ་རིགས་པའི་གནོད་པ་འབབ་པར་དོགས་ནས་མདོ་ཡང་ཡིན།    །དུས་དང་པོར་གསུངས་པ་ཡིན་ན་དུས་དང་པོར་གསུངས་པའི་མདོ་ཡིན་པས་མ་ཁྱབ། ཞེས་སོགས་ཟེར་བ་ཡང་འཐད་པར་མི་སེམས་ཏེ།
ལུང་ཚན་པ་དེ་གཉིས་ཀྱི་སྔ་མས་ནི་སྔར་དྲི་བ་དང་ལན་གྱི་མདོ་དེ་རྣམས་ཀྱིས་དྲང་ངེས་སུ་འགྲེལ་རྒྱུའི་མདོ་ཚན་གསུམ་ཡོད་པ་ཤུགས་ལ་བཤད་པ་དེ་འདིར་མཚན་གཞི་ངོས་བཟུང་བའི་སྒོ་ནས་སྟོན་པ་ལ།དུས་དང་པོར་ཝ་ར་ཎ་སིར་གསུངས་པའི་བདེན་བཞིའི་ཆོས་འཁོར་དང༌། དེའི་འོག་ཏུ་བྱ་རྒོད་ཕུང་པོའི་རིར་གསུངས་པའི་མཚན་ཉིད་མེད་པའི་ཆོས་འཁོར་དང༌།   དེའི་འོག་ཏུ་ཡངས་པ་ཅན་དུ་གསུངས་པའི་ལེགས་ཕྱེའི་ཆོས་འཁོར་གསུམ་དང་སྦྱར་ནས་དྲང་ངེས་སུ་འགྱུར་ཚུལ་དོན་དམ་ཡང་དག་འཕགས་ཀྱིས་་་་་་ཞུས་པར་གསུངས་པ་ཡིན་གྱི། དུས་ཀྱི་རིམ་པ་དང་སྦྱར་བ་དེ་འཁོར་ལོ་གསུམ་གྱི་འཇོག་བྱེད་དུ་གསུངས་་པ་མ་ཡིན་པའི་ཕྱིར་དང༌།  ལུང་ཚན་གཉིས་པས་ཀྱང་དུས་དེར་གསུངས་པའི་མདོའི་ནང་ནས་ཀྱང་བརྗོད་བྱ་རང་གི་ མཚན་ཉིད་ཡོད་པ་སོགས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་ཡིན་གྱི་སྤྱིར་དུས་དང་པོར་གསུངས་ཚད་སྐབས་འདིར་བསྟན་པའི་འཁོར་ལོ་དང་པོ་མིན་ཞེས་གསུངས་པ་ཡིན་ལ། དེ་ལྟར་གསུངས་དགོས་པའི་རྒྱུ་མཚན་ཡང་བོད་སྔ་མ་ཁ་ཅིག་གིས་མདོ་འདི་ལ་བརྟེན་ནས་དུས་གསུམ་པར་་་གསུངས་པའི་མདོ་ཐམས་ཅད་ངེས་དོན་གྱི་མདོར་བསྒྲུབས་པ་དང༌།
ཁ་ཅིག་གིས་མདོའི་བསྟན་དོན་དེ་ལྟར་ཡིན་སྙམ་ནས་མདོ་འདི་ལས་བཤད་པའི་དྲང་ངེས་ཀྱི་ཚུལ་ནི་སྒྲ་ཇི་བཞིན་པ་མ་ཡིན་ནོ་ཞེས་སྨྲ་བ་དག་འགོག་པའི་ཕྱིར་དུ་གསུངས་པ་ཡིན་པར་ལུང་དེ་དག་གི་མཇུག་ཐོགས་སུ་དྲང་ངེས་རྣམ་འབྱེད་ན་གསལ་བར་ཡོད་པས།  རྗེ་བླ་མས་དུས་དང་པོར་གསུངས་པའི་མདོ་ཡིན་ན་འཁོར་ལོ་དང་པོ་ཡིན་པས་ཁྱབ་པར་བཟུང་གིས་དོགས་ནས་དེ་འགོག་པའི་ཆེད་དུ་གསུངས་པའི་བཀའ་རྣམས། དུས་དང་པོར་གསུངས་པའི་མདོ་འཁོར་ལོ་དང་པོའི་འཇོག་བྱེད་ཡིན་པའི་སྒྲུབ་བྱེད་དུ་མ་འཛིན་ཞིག །ཡང་ལ་ལ་དུས་དང་པོ་ཞེས་པ་ནི་བདེན་བཞིའི་ཆོས་འཁོར་གསུངས་པའི་དུས་ཁྱད་པར་བ་ལ་བྱེད་པས་སྐྱོན་མེད་དོ་ཞེས་ཟེར་བ་དང༌།
ཁ་ཅིག་དུས་དང་པོ་ཞེས་པ་འཁོར་ལོ་དང་པོའི་བརྗོད་བྱ་ལ་བྱེད་དོ་ཞེས་ཟེར་བ་ཡང་ཤིན་ཏུ་ངོ་མཚར་ཏེ། དང་པོ་ལྟར་ན་འཁོར་ལོ་དང་པོ་གསུངས་པའི་དུས་སུ་གསུངས་པའི་མདོ་འཁོར་ལོ་དང་པོའི་འཇོག་བྱེད་དུ་འགྱུར་པས།   དེ་ལྟར་ན་བུམ་པ་གྲུབ་པའི་དུས་ཀྱི་བུམ་པ་དེ་བུམ་པའི་མཚན་ཉིད་དུ་སྨྲས་ན་ཅིས་འགོག  གཉིས་པ་ལྟར་ན་ཁོ་བོས་ཝ་ར་ཎ་སིར་གསུངས་པའི་མདོ་འཁོར་ལོ་དང་པོའི་མཚན་ཉིད།མདོ་ཡང་ཡིན་ཝ་ར་ཎ་སིར་གསུངས་པ་ཡིན་ན་ཝ་ར་ཎ་སིར་གསུངས་པའི་མདོ་ཡིན་པས་མ་ཁྱབ། ཝ་ར་ཎ་སི་ཞེས་པ་འཁོར་ལོ་དང་པོའི་བརྗོད་བྱ་ལ་བྱེད་དོ། །ཞེས་སྨྲས་ན་ཅིས་འགོག མདོའི་བརྗོད་བྱ་ལ་ཝ་ར་ཎ་སིའི་མིང་གིས་འདོགས་པ་ཅལ་ཅོལ་ཡིན་པས་བཞད་གད་དོ་ཟེར་ན།   མདོའི་བརྗོད་བྱ་ལ་དུས་དང་པོའི་མིང་གིས་འདོགས་པ་ཡང་བཞད་གད་ཡིན་ནོ་ཞེས་ཅིའི་ཕྱིར་མི་རུང༌། དེས་ན་མཚན་མཚོན་གྱི་རྣམ་བཞག་བྱེད་པ་ནི་ཆོས་དེའི་དོན་ལྡོག་ངོས་གཟུང་བའི་ཆེད་དུ་ཡིན་པས།   མཚན་ཉིད་ཀྱི་རྣམ་བཞག་དེ་ལ་བརྟེན་ནས་དོན་གྱི་ངོ་བོ་དེ་ལེགས་པར་ཤེས་པ་ཅིག་དགོས་ཀྱི།    ཉིན་རེའི་ཁས་ལེན་ཟིན་པ་ཙམ་གྱི་ཐབས་ལ་སྙིང་པོ་ཅི་ཡང་མེད་དོ།  །
དེས་ན་རྗེ་བཙུན་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང་དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་དུ་མཁས་པ་སྔ་མའི་བཞེད་པ་དགོད་པ་ཙམ་མཛད་ཀྱང་ཡང་ན་ཞེས་རྒྱུད་སྡེ་སྤྱི་རྣམ་དང་མཐུན་པའི་འཁོར་ལོ་གསུམ་གྱི་མཚན་ཉིད་འཇོག་ཚུལ་གཉིས་པ་ཞིག་གསུངས་པ་དེ་ཁོ་ན་རྗེ་བཙུན་དེ་ཉིད་ཀྱི་བཞེད་པར་སྣང་ངོ༌།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号