ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ།   །གཟུགས་ནི་སྟོང་པ་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ།   གཟུགས་ཉིད་སྟོང་པ་ཉིད་དོ།   །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བའོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱ་བ་ལ་སོགས་པའོ།  །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། ངོ་བོ་ཉིད་ནི་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན།   རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བའོ། །
མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ།   མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་མིང་གློ་བུར་གྱི་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ་ཞེས་བྱ་བའོ།   །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ།    བྱང་ཆུབ་སེམས་དཔའ་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།    །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་སྟེ །དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་སྦྱར་བར་བྱའོ།  །
རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ།   དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ།   །
དེས་ན་ཁ་ཅིག་གིས་བཀའ་དང་པོ་སྒྲ་ཇི་བཞིན་པར་འཛིན་པའི་རྟག་ལྟ་དགག་པའི་ཆེད་དུ་འཁོར་ལོ་བར་པ་གསུངས་པར་སྨྲ་བ་ཡང་མི་འཐད་དོ། །
གསུམ་པ་དངོས་ལ་གནོད་བྱེད་ནི།    ཡུམ་གྱི་མདོ་ལ་སོགས་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པ་རྣམས་སྒྲ་ཇི་བཞིན་པར་བཟུང་ན་མཚན་ཉིད་གསུམ་ཀ་ལ་སྐུར་བ་འདེབས་པར་འགྱུར་ཏེ།   གཟུགས་ལ་སོགས་པ་མེད་ན་ངོ་བོ་དང་ཁྱད་པར་དུ་འདོགས་པའི་གཞི་མེད་པར་འགྱུར་ལ། དེ་ལྟར་ན་གདགས་གཞི་མེད་པས་མིང་གིས་འདོགས་པ་ཡང་མེད་པར་འགྱུར་བའི་ཕྱིར་དང༌།   དེ་ལྟར་གཞན་དབང་དང་ཀུན་བཏགས་གཉིས་ལ་སྐུར་བ་བཏབ་པས་ཆོས་རྣམས་ཀྱི་ཆོས་ཉིད་ཡོངས་གྲུབ་ལ་ཡང་སྐུར་བ་བཏབ་པར་འགྱུར་ཏེ། རྟེན་ཆོས་ཅན་གཞི་མ་གྲུབ་པའི་ཕྱིར་རོ། །དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས།   འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བཏགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་འགྱུར་ན། །དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང༌།   ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི། ཀུན་བཏགས་པའི་མཚན་ཉིད་ལ་ཡང་སྐུར་བ་བཏབ་པ་ཡིན་པའི་ཕྱིར་ཏེ།  དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་བ་འདེབས་པ་ཞེས་བྱའོ།   །ཞེས་གསུངས་སོ།   །དེ་ལྟར་ན་ལུགས་འདིས་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་པོ་དང་བར་པ་གཉིས་དྲང་དོན་དང༌། ཐ་མ་ངེས་དོན་དུ་འགྲེལ་བ་ཡིན་ལ།   སྔ་མ་གཉིས་དྲང་དོན་དུ་འགྲེལ་བ་ཙམ་དུ་འདྲ་ཡང་དྲང་དོན་དུ་འགྲོ་ལུགས་མི་འདྲ་སྟེ།     འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་གང་ལ་དགོངས་ཏེ་གསུངས་པའི་དོན་མིག་གི་རྣམ་ཤེས་རྣམ་སྨིན་གྱི་བག་ཆགས་ཞེས་བྱ་བ་རང་གི་ས་བོན་སྨིན་པ་གང་ལས་འབྱུང་བའི་ས་བོན་དང་དོན་དུ་སྣང་བ་ཙམ་ལ་དགོངས་པ་དེ་ཉིད་དངོས་སུ་བསྟན་དུ་མི་རུང་བས་མདོའི་བརྗོད་བྱའི་དོན་ནི་ཕྱི་རོལ་དོན་གྱི་སྐྱེ་མཆེད་ཡོད་པ་ཉིད་ཡིན་ལ།    དེ་ཉིད་མདོའི་དོན་ཡིན་ཀྱང་དྲང་དོན་ཡིན་ཞེས་འགྲེལ་བའི་ཕྱིར་དང༌། ཤེར་ཕྱིན་གྱི་མདོ་ལ་སོགས་པའི་འཁོར་ལོ་བར་པ་ནི་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པའི་ངོ་བོ་ཉིད་མེད་ཚུལ་རྣམས་དངོས་སུ་བསྟན་དུ་རུང་བས།    ངོ་བོ་ཉིད་མེད་ཚུལ་གསུམ་གྱིས་ངོ་བོ་ཉིད་མེད་པ་མདོའི་བརྗོད་བྱའི་དོན་ཡིན་གྱི་ངོ་བོ་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་མ་ཕྱེ་བར་ཆོས་ཐམས་ཅད།ངོ་བོ་ཉིད་མེད་པ་ཙམ་ཞིག་མདོའི་བརྗོད་བྱའི་དོན་མ་ཡིན་པའི་ཕྱིར་དང༌། དྲང་དོན་དུ་འགྲེལ་ལུགས་ཡང་མདོའི་བརྗོད་བྱའི་དོན་དེ་ཉིད་དྲང་དོན་ཡིན་ཞེས་མི་འགྲེལ་གྱི་མདོ་དེ་དག་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བའི་ཕྱིར་དོན་དེ་ཙམ་ཞིག་ཏུ་མ་ངེས་ཀྱི་ད་དུང་དེའི་དོན་བཤད་དགོས་པའི་སྒོ་ནས་དྲང་དོན་དུ་འཆད་པ་ཡིན་པའི་ཕྱིར་རོ།    །མཐར་ཐུག་ཐེག་པ་གཅིག་ཏུ་གསུངས་པའི་མདོ་དྲང་དོན་དུ་འཆད་ཚུལ་ནི་འོག་ཏུ་འཆད་དོ། །
གཉིས་པ་དེ་ལས་བྱུང་བའི་གྲུབ་མཐའི་རྣམ་བཞག་ལ་གཞི་ལམ་འབྲས་བུའི་རྣམ་བཞག་གསུམ་ལས།
༡. གཞིའི་རྣམ་བཞག་བསྟན་པ།
དང་པོ་ལ། ཤེས་བྱ་ཡུལ་གྱི་རྣམ་བཞག ཤེས་བྱེད་བློའི་རྣམ་བཞག་གཉིས།    དང་པོ་ལ། བདེན་པ་གཉིས་ཀྱི་རྣམ་བཞག མཚན་ཉིད་གསུམ་གྱི་རྣམ་བཞག   ཞར་བྱུང་གཞན་བཤད་པ་དང་གསུམ། དང་པོ་ནི། བདེན་གཉིས་ཀྱི་དབྱེ་གཞི་ནི་ཤེས་བྱ་སྟེ།   ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། འདི་དག་ཐམས་ཅད་མདོར་བསྡུ་ན།   །རྣམ་པ་གཉིས་སུ་ཤེས་བྱ་སྟེ།  །ཞེས་གསུངས་པས་སོ།  །དབྱེ་བའི་ངོ་བོ་ནི། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་སོ།   །དེ་ལ་ཀུན་རྫོབ་བདེན་པའི་ངོ་བོ་ནི་ཀུན་ནས་ཉོན་མོངས་པ་སྐྱེ་རུང་གི་དམིགས་པའི་ཆོས་ཐ་སྙད་པའོ། །ཡང་ན་གང་ལ་དམིགས་ནས་སྒྲིབ་པ་ཟད་པར་འགྱུར་བའི་རྣམ་པར་དག་པའི་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་པའི་ཆོས་སོ།    །དེ་ལ་དང་པོ་ནི་བསྡུ་བ་ལས་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་ཞེས་པའི་དགོངས་པ་སྟེ།   དེའི་དོན་འཆད་པ་ན་རྗེ་བདག་ཉིད་ཆེན་པོས།   རྣམ་པར་དག་པའི་དམིགས་པ་ལ་དོན་དམ་དུ་བཤད་པའི་ཟླས་དྲངས་པ་ན་གང་ལ་དམིགས་པས་ཀུན་ནས་ཉོན་མོངས་ཀུན་ནས་སློང་བའི་དོན་གྱིས་ཀུན་རྫོབ་ཏུ་ཡོད་པར་བཞག་སྟེ། ཞེས་གསུངས་སོ།  །དེས་གཉིས་པ་ཡང་ཤེས་སླའོ།   །དོན་དམ་བདེན་པའི་ངོ་བོ་ནི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས་སོ།  །
ཀུན་རྫོབ་བདེན་པའི་སྒྲ་བཤད་ནི།   བཏགས་པ་དང་ཤེས་པ་དང་བརྗོད་པའི་ཀུན་རྫོབ་གསུམ་གྱི་ངོར་རམ་དེ་གསུམ་གྱི་དབང་གིས་བདེན་པས་ན་ཀུན་རྫོབ་བདེན་པའོ། །དོན་དམ་བདེན་པའི་སྒྲ་བཤད་ནི། འཕགས་པའི་མཉམ་བཞག་ཡེ་ཤེས་ནི་དམ་པ་ཡིན་ལ་དེའི་དོན་ཡིན་པས་དོན་དམ་པ་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པས་བདེན་པའོ།   །དེ་དག་ཀྱང་རྗེ་བདག་ཉིད་ཆེན་པོས་འཇིག་རྟེན་པའི་ཤེས་པ་འཁྲུལ་བའི་ཡུལ་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གསུངས་སོ།   །ཞེས་པ་དང༌།    རྣམ་བཤད་རིག་པ་ལས། ལས་དང་རྣམ་པར་སྨིན་པ་དག་ནི་ཀུན་རྫོབ་ཏུ་རྫས་སུ་ཡོད།   དོན་དམ་པར་ནི་མེད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ།   །ཞེས་དང༌།   དམ་པ་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེའི་དོན་ཡིན་པས་དོན་དམ་པའོ། །ཞེས་སོགས་ཀྱི་དོན་ནོ།   །ཀུན་རྫོབ་བདེན་པའི་མཚན་གཞི་ནི། གཞན་དབང་དང་ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་སོ། །དོན་དམ་བདེན་པའི་མཚན་གཞི་ནི། བདག་མེད་པ་གཉིས་སོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号